འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དྭངས་གཙང་ལྷུང་ལྷུང་དུ་བཞུར་བའི་འགན་ལེན་བྱས་པ།

—— ཀྲུང་གོའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་སྙན་ཞུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་གནས་པའི་འབྲི་ཆུའི་ཆུ་འགོའི་ཐོགས་ཐོགས་གཙང་པོའི་ཆུ་ལམ་ཡིན།
མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་གནས་པའི་འབྲི་ཆུའི་ཆུ་འགོའི་ཐོགས་ཐོགས་གཙང་པོའི་ཆུ་ལམ་ཡིན།
     སའི་གོ་ལའི“སྣེ་གསུམ་པར”གྲགས་པའི་མཚོ་བོད་ས་མཐོའི་ལྟེ་བར་རྩེ་མོ་མཁའ་ལ་ཟུག་འདྲའི་ས་འཛིན་གྱི་མྱུ་ཁྱུད་འགྱིང་ངེར་གནས་པ་དང་འཁྱག་རོམ་དང་འདམ་ར་མུ་འབྲེལ་ནས་ཆགས་ཡོད། སྤྱི་ལེ་ངོས་གྲུ་ཁྲི་40ཡི་ཁྱབ་ཁོངས་སུ་ཆུ་ཕྲན་དང་། ན་ཁ། མཚོ་དང་མཚེའུ་སྣ་ཚོགས་གཅིག་ཏུ་འདུས་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་གྲུབ་སྟེ་ལྷུང་ལྷུང་དུ་བབས་བཞིན་མཆིས།
     གཙང་གསུམ་ཆུ་འགོར་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆུ་བོ་དལ་གྱིས་བབས་ནས་ཀྲུང་ཧྭ་དང་ཐ་ན་ཨེ་ཤེ་ཡའི་ཤེས་དཔལ་བསྐྱངས་ཡོད། འོན་ཀྱང་དེ་སྔ་མིའི་བྱེད་སྒོ་དང་། ཕྱུགས་ཚད་ལས་བརྒལ་བ། རང་བྱུང་གི་འགྱུར་ལྡོག་བཅས་ལས་གདོད་མའི་ས་རྒྱུ་གཤིན་པོ་དེར་ཞན་འགྱུར་དང་བྱེ་འགྱུར་གྱི་ཉེན་ཁ་འཕྲད།
     “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དྭངས་ཤིང་གཙང་བ་དང་ལྷུང་ལྷུང་དུ་འབབ་པའི་འགན་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡུན་རིང་རྗེས་སྙེག་བྱས་ནས་དེའི་ལན་འཚོལ་བར་བསྐྱོད་པ་ཡིན།
     སྣོད་བཅུད་ཉམས་ཞན་དུ་ཕྱིན་པའི་དཀའ་གནད་ཁྲོད་ཀྱི་གཙང་གསུམ་ཆུ་འགོའི་སྨྲེ་ངག
     2001ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་རྨ་སྟོད་ཤང་གི་འབྲོག་པ་སྟོབས་རྒྱལ་གྱིས་རང་ཁྱིམ་སྒོ་འགྲམ་གྱི་རྩྭ་ཆུ་བཟང་བའི་རྩྭ་ཐང་ཡངས་མོ་དེ་ཉིད་ཙི་ཙིའི་དགའ་ཚལ་དུ་གྱུར་བ་མཐོང་སྐབས་ག་བྱེད་འདི་བྱེད་མེད་པར་གྱུར། ཁོང་གིས“ཙི་ཙིའི་གནོད་འཚེ་ཕོག་ཚབས་ཆེ་ཤོས་སུ་སྨི་ངོས་གྲུ་རེར་ཧ་ལམ་ཙི་ཁུང་10ཙམ་ཡོད་པས། རིང་པོ་མ་སོང་བར་རྩྭ་ར་སྐྱ་ཐེར་ཐེར་དུ་འགྱུར་གྱི་འདུག”ཅེས་བཤད།
     དེ་དང་འདྲ་བར་ས་ཆ་གཞན་དུའང་ཙི་ཙི་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། 2004ལོར་རྫ་ཆུའི་ཆུ་འགོར་གནས་པའི་ཡུལ་ཤུལ་ཀྲོའུ་རྫ་སྟོད་རྫོང་དུ་ཙི་ཙིའི་གནོད་འཚེས་རྐྱེན་པས་རྩྭ་ཐང་མུའུ་ཁྲི་900ལྷག་ཙམ་ཉམས་ཞན་དུ་འགྱུར་བ་དང་དེས་བེད་སྤྱོད་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་གྱི་20%ཙམ་བཟུང་ཡོད། འབྲི་ཆུའི་ཆུ་འགོར་གནས་པའི་ཡུལ་ཤུལ་ཀྲོའུ་འབྲི་སྟོད་རྫོང་དུ་རྩྭ་ར་ཞན་འགྱུར་རྒྱ་ཁྱོན་མུའུ་ཁྲི་820ལྷག་ཙམ་ཟིན་ཡོད།
     མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2004ལོར་སླེབས་སྐབས་གཙང་གསུམ་ཆུ་འགོ་ཧྲིལ་པོའི་བྱེ་འགྱུར་རྒྱ་ཁྱོན་མུའུ་ཁྲི་3800ལྷག་ཟིན་པ་དང་། ལྟེ་བའི་ཁུལ་དུ་ཞན་འགྱུར་ཚད་གཞི་འབྲིང་ཙམ་དུ་སླེབས་པའི་རྩྭ་ར་མུའུ་དུང་ཕྱུར་1.5ཟིན་ཡོད། རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་དེ་སྔའི་མཚོ་4000ལྷག་ཙམ་གྱི་ཁྲོད་ནས་90%ཡན་སྐམ་པས། རྨ་ཆུའི་ཆུ་འགོ་བར་སྐབས་ཤིག་བཞུར་མཚམས་ཆད། དབྱེ་ཞིབ་བྱས་རྗེས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེ་ནི་གོང་གསལ་གྱི་རྐྱེན་ངན་དེ་བྱུང་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད།
     རྩྭ་ཆུ་ཉམས་པ་དང་འབྲོག་པའི་ཐོན་སྐྱེད་ལའང་རིམ་བཞིན་དཀའ་ངལ་འཕྲད། གསེར་ཆེན་རྫོང་ཐེ་ཀེ་ཤང་ལ་རྒན་གྲོང་ཚོའི་འབྲོག་པ་ཚེ་དབོན་སྐྱབས་ཀྱིས་མིག་ཆུ་བཞུར་བཞིན་གསར་འགོད་པར“གཏན་འཇགས་ཀྱི་འཚོ་བ་སྐྱེལ་བཞིན་པ་ནས་ལོག་སའི་ཁྱིམ་མེད་པར་གྱུར་བ་དེ་ནི་རྨི་ལམ་ངན་པ་ཞིག་དང་འདྲ་པོ་བྱུང་། 2003ལོ་ནས་བཟུང་གཙང་གསུམ་ཆུ་འགོ་ཡོངས་ནས་འབྲོག་པ་ཁྲི་10ཙམ་ཕ་ཡུལ་དང་བྲལ་དགོས་འཁེལ་ཏེ་མི་རབས་ནས་མི་རབས་འཚོ་བ་སྐྱེལ་སའི་རྩྭ་ཐང་ནས་རིམ་བཞིན་གནས་སྤོས་པ་དང་། འབྲོག་དུད་ཁྲི་70ཙམ་གྱིས་རང་འགུལ་ངང་སྒོ་ཕྱུགས་ཀྱི་གྲངས་འབོར་ཉུང་དུ་བཏང་ཡོད”ཅེས་བཤད།
     རྩྭ་ཆུ་འཛོམས་པའི་རྩྭ་ཐང་ཉམས་ཞན་དུ་ཕྱིན་པས་འབྲོག་པ་གང་འདྲ་བྱེད་དགོས་སམ།
     སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོང་ཤུགས་ཆེན་བྱས་པ།
     2005ལོར་རང་རྒྱལ་གྱིས《མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》ལག་ལེན་བསྟར་རྒྱུ་ཡིན་པ་དངོས་སུ་ཡོངས་བསྒྲགས་བྱས་པ་དང་། བསྡོམས་མ་རྩ་སྒོར་དུང་ཕྱུར་75བཏང་བ་དང་ལག་བསྟར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་15.23ཟིན་པའི་རྣམ་གྲངས་དེས་སྣོད་བཅུད་སྲུང་སྐྱོང་དང་། དམངས་འཚོ་ལེགས་གཏོང་། ཐོན་སྐྱེད་བཀོད་སྒྲིག་སོགས་ཕྱོགས་མང་པོར་ལྟ་རྟོག་བྱས་ཡོད་པ་དང་། ལོ་དེར་མ་དངུལ་སྒོར་དུང་ཕྱུར་7བཏང་ཡོད།
     “ལས་དོན་སྤེལ་ཤུགས་དང་བསམ་ཕྱོགས་སྔོན་ཐོན་དེ་འདྲ་སྔར་ན་བྱུང་མྱོང་མེད་པ་རེད”ཅེས་སྐབས་དེ་དུས་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་གཞུང་ལས་ཁང་གི་ཆེད་བསྐོས་ལས་འགན་འཁུར་མཁན་ཀྲུའུ་རེན་གཞོན་པ་ལི་ཞའོ་ནན་གྱིས་དེ་ལྟར་བཤད། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྣོད་བཅུད་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཐོན་ཁུངས་ཡག་ཤོས་རྣམས་གཙང་གསུམ་ཆུ་འགོའི་ཁུལ་དུ་གཅིག་སྡུད་བྱེད་དགོས་པའི་ནན་བཤད་ཐེངས་མང་བྱས།
     གཙང་གསུམ་ཆུ་འགོའི་ཚན་རྩལ་རྣམ་གྲངས་100ལྷག་ཙམ་ལ་སྐུལ་འདེད་བཏང་བ་དང་། སྡེ་ཚན་མང་པོས་མཉམ་ལས་ཀྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཟོས་པ། ས་ཁོངས་སྣོད་བཅུད་ཀྱི་རྩ་བའི་གྲངས་གཞི་མེད་པའི་སྟོང་ཆ་བསྐངས་བ། གཞིས་ཆགས་ཐུབ་པ་དང་ལས་ཀ་འཇོན་པའི་འཐབ་ས་དང་པོའི་སྣོད་བཅུད་ལས་དོན་པ་ཁག་གཅིག་གསོ་སྐྱོང་བྱས་པ་སོགས“ནུབ་རྒྱུད་ཀྱི་ཤེས་ལྡན་པའི་འདུ་གནས”ཞེས་སུ་འབོད་པའི་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་དང་སྤུས་ཚད་ལེགས་སུ་བཏང་བ་རེད།
     ས་ཕྱོགས་ཁག་གིས་གང་སར་གཏེར་འདོན་དང་བཟོ་གྲྭ་འཛུགས་པ་དང་ཟམ་པ་དང་ལམ་བཟོ་བ་དང་མི་འདྲ་བར་དཔལ་འབྱོར་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མཇུག་ཏུ་ལུས་པའི་མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་འཐབ་ཇུས་ཨུ་ཚུགས་མཐར་སྐྱེལ་བྱས་ནས“འཕེལ་རྒྱས་ཀྱི་གོ་སྐབས་ཤོར་ཀྱང་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང”གི་ཆོད་སེམས་བཞག་སྟེ། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་GDPདཔྱད་ཞིབ་ཕྱོགས་ཡོངས་ནས་བྱེད་མཚམས་བཞག་པ་དང་། སྦགས་བཙོག་ཆེ་བ་དང་ཐོན་ནུས་ཟད་གྲོན་ཆེ་བའི་ཐོན་ལས་ཁག་གཅིག་རིམ་བཞིན་སྒོ་བརྒྱབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་90%ཡས་མས་བཟོ་ལས་གསར་སྤེལ་བཀག་འགོག་དང་ཚོད་འཛིན་ཁྱབ་ཁོངས་སུ་བཅུག
     ལོ་8དཀའ་བ་སྤྱད་པ་བརྒྱུད་2013ལོའི་ལོ་མཇུག་ཏུ་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་ཐུབ་པ་དང་། རྩྭ་ཐང་དུ་རྩྭ་སྐྱེ་ཚད་30%མང་དུ་ཕྱིན་པ། གཙང་གསུམ་ཆུ་འགོ་ནས་ལོ་ལྟར་སྨད་རྒྱུད་དུ་སྤུས་ལེགས་ཀྱི་དྭངས་གཙང་ཆུ་སྨི་རྒྱ་དཔངས་དུང་ཕྱུར་58མཁོ་འདོན་ཐུབ་ཡོད། མཁས་དབང་ཁག་གཅིག་གིས“དེ་ནི་མངོན་འགྱུར་བྱེད་ཐབས་མེད་པའི་ངོ་མཚར”ཞིག་རེད་ཅེས་བརྗོད་ཀྱི་ཡོད།
     2016ལོར་ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཚོགས་ཆུང་གིས་གྲོས་ཞིབ་བྱས་པ་བརྒྱུད་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་བཙུགས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧེ་དབན་ཁྲེང་གིས་ངོ་སྤྲོད་བྱས་དོན། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྔོན་སྐྱོད་ཚོད་ལྟའི་ལས་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་སྲོལ་རྙིང་པ་བློ་ཐག་ཆོད་པོས་སྒྱུར་བཅོས་བྱས་ནས་རྒྱལ་ཁབ་ས་ཆ་དང་། ནགས་ལས། ཁོར་ཡུག་སྲུང་སྐྱོང་། ཆུ་བེད་བཅས་ཀྱི་ཁྲིམས་འཛིན་དབང་ཆ་བསྡུ་སྒྲིལ་བྱས་པ་དང་། རྨ་སྟོད་དང་། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་4ཡི་སྲིད་གཞུང་གི་སྡེ་ཚན་25%ཁུ་བསྡུ་བྱས་པ། དེ་སྔའི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཆུང་མི་གཅིག་པ་ཐར་ཐོར་དུ་གནས་པ་རྣམས་གཅིག་སྒྲིལ་བྱས་པ། སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་པའི་སྤྱི་གླིང་དུ་ཐད་ཀར་གཅིག་གྱུར་དོ་དམ་བྱས་པ་སོགས་བགྲངས་ཀྱིས་མི་ལངས།
     མཚོ་སྔོན་ཞིང་ཆེན་གྱིས་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་ཁྱབ་ཁོངས་ཀྱི“ཨང་དང་པོ”མང་པོ་ཞིག་བཏོད་པ་སྟེ། 2017ལོར་རྒྱལ་ཁབ་སྤྱི་གླིང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟར་སྤྱོད་རྒྱུ)》ལག་ལེན་བསྟར་བ་དང་། སྣོད་བཅུད་ཁྲིམས་ཁང་ཐོག་མ་ལོ་དེར་ཡུལ་ཤུལ་ཀྲོའུ་རུ་བཙུགས་པ། 2018ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཞིབ་འཇུག་ཁང་ཐོག་མ་མཚོ་སྔོན་དུ་སྒོ་བྱང་བཀལ་བ། 2019ལོར་སྣོད་བཅུད་བདག་སྐྱོང་ལས་གནས་རྒྱལ་ཡོངས་ཀྱི་སྔ་སྣུར་དུ་སྤྱི་གླིང་གི་འབྲོག་དུད་ཡོངས་ལ་ཁྱབ་པ་བཅས་རེད།
     ལས་རིགས་ཁག་གིས་ཐུན་མོང་ཐོག་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱས་པ།
     རྫ་སྟོད་རྫོང་རྣམ་སྲས་ཤང་དུ་ཉེ་དུས་གསར་འགོད་པར་པེ་ཅིང་སློབ་ཆེན་དང་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་གཞོན་ནུ་ཚན་ཞིབ་ཚོགས་པ་འཕྲད་བྱུང་། ཁོང་ཚོས་གཙང་གསུམ་ཆུ་འགོའི་སྣོད་བཅུད་བཅོས་སྐྱོང་ཐད་ཐབས་འདོན་ཇུས་འགོད་བྱས་ཏེ་ལོ་ལྟར་ཟླ་བ་11བཅའ་སྡོད་ཀྱིས་ཞིབ་འཇུག་བྱེད་ཀྱི་ཡོད། དུས་ཡུན་རིང་པོ་ཕྱིར་སྐྱོད་པ་དང་ཞག་སྡོད་བྱེད་དགོས་པས་ཁོང་ཚོའི་གཟུགས་པོ་འདམ་པས་ཁེངས་པ་དང་ངོ་གདོང་དམར་སྨུག་ཆགས་རུང་དེའི་ཁྲོད་ནས་སྤྲོ་བ་འཕེལ་ཐུབ་ཀྱི་ཡོད།
     ཀྲུང་གོ་ནགས་ལས་ཚན་རིག་ཁང་གི་ཞིབ་འཇུག་ཚོགས་པའི་ལིའུ་ཡན་ལིན་གྱིས་རྟག་ཏུ་རི་མཐོའི་བྲག་རྡོ་དང་། ནགས་ཚལ་སྟུག་པོ། གྲོག་རོང་བཅས་སུ་རྟོག་ཞིབ་ལ་སྐྱོད་དགོས་པས་གཙང་པོ་དང་། ཆུ་བོ། མཚེའུ། རྩྭ་བཅས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ་ཅེས་བཤད།
     པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གཙང་གསུམ་ཆུ་འགོའི་རྣམ་གྲངས་ཀྱི་ཀྲུའུ་རེན་ཀྲའོ་ཞང་རྟག་ཏུ་རླངས་འཁོར་བཏང་ནས་རི་གཟར་ལ་གུ་དོག་པའི་གྱ་གྱུའི་ལམ་བུར་སྐྱོད་དགོས་པས་སྲོག་ཉེན་ཐེངས་མང་འཕྲད། ཁོང་གནས་སའི་ཚོགས་པ་དེས་ལོ་5ཡི་ནང་གསའ་100ལྷག་ཙམ་རྙེད་ཡོད་ལ་སྐབས་ཤིག་རིང་མཐོང་རྒྱུ་མེད་པའི་ཡོ་རོབ་དང་ཨེ་ཤེ་ཡའི་སྲམ་དང་ཐང་རྒོད་ཀྱི་ཞི་མི་རྙེད་ནས་འཛམ་གླིང་གི་སྣོད་བཅུད་རིག་པའི་ལས་རིགས་ཀྱི་ངོ་མཚར་བཏོད།
     གཙང་གསུམ་ཆུ་འགོའི་ཆེད། མི་མི་ཉུང་བ་ཞིག་གིས་ཆེས་མཛེས་པའི་ལང་ཚོ་དང་ཐ་ན་ཚེ་སྲོག་སྐྱེས་སུ་ཕུལ་ཡོད། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་དེ་སྔའི་ཞིབ་འཇུག་པ་སུའུ་ཅན་ཕིང་2018ལོར་སྐྲན་ནད་ཕོག་སྟེ་མ་གྲོངས་པའི་བར་དུ་ཁུ་ཁུ་ཤིས་རིར་ཐེངས་30ལྷག་ཙམ་བསྐྱོད།
     སུའུ་ཅན་ཕིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“གཙང་གསུམ་ཆུ་འགོར་དགའ་པོ་ཡོད་ཚེ་ངེས་པར་དུ་ཚེ་གང་དེར་བརྟག་ཞིབ་བྱེད་དགོས”ཅེས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་བརྗོད།
     གཙང་གསུམ་ཆུ་འགོ་སླར་ཡང་རྒྱས་པ།
     ལོ་14ཡི་ནང་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་རྒྱུན་མཐུད་ངང་མ་དངུལ་སྒོར་དུང་ཕྱུར་180ལྷག་ཙམ་བཏང་། ད་ཆ་རྨ་ཆུའི་ཆུ་འགོ་གང་སར་རྩྭ་པུས་མོའི་ཚད་དུ་སླེབས་པའི་རྩྭ་ཐང་རྒྱ་ཆེན་པོ་མཐོང་རྒྱུ་ཡོད་པ་དང་། རྫ་ཆུའི་ཆུ་འགོ་ནས་ནགས་ཚལ་སྟུག་པོ་མཐོང་རྒྱུ་ཡོད་པ། འབྲི་ཆུའི་ཆུ་འགོ་ནས་མུ་མཐའ་མི་མངོན་པའི་འདམ་ར་མཐོང་རྒྱུ་ཡོད། གཙང་གསུམ་ཆུ་འགོའི་ཁུལ་དུ་སླར་ཡང་ཆུ་བོ་རྒྱས་ཏེ་ཆུ་འདུས་ཚད་དང་ཆུ་མཁོ་འདོན་བྱེད་ཚད་རིམ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པ་རེད།
     གསར་འགོད་པས་བཅར་འདྲི་བྱེད་མྱོང་བའི་གཙང་གསུམ་ཆུ་འགོའི་འབྲོག་པ་བརྒྱ་ལྷག་ཙམ་གྱི་ཁྲོད་ནས་མང་ཆེ་བས“རྩྭ་ཁ་ལེགས་སུ་དང་ཆུ་མང་དུ་ཕྱིན་པ་མ་ཟད། བྱེ་རླུང་ཆུང་དུ་དང་གནམ་གཤིས་ལེགས་སུ་འགྲོ་བཞིན་འདུག”ཅེས་བརྗོད་ཀྱི་ཡོད། གནམ་སྔོ་ལ་ཆུ་དྭངས་བ་དང་རྩྭ་ལྗང་བའི་རྣམ་པ་དེ་གཙང་གསུམ་ཆུ་འགོའི་ས་ཆ་མང་པོར་མངོན་ནས་སྐབས་ཤིག་རིང་མཐོང་རྒྱུ་མེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་དང་ཁྱུ་མི་ཚོའི་མིག་ལམ་དུ་ཐོན་འགོ་ཚུགས།
     2017ལོའི་ཟླ་10པར་རྫ་སྟོད་རྫོང་རྣམ་སྲས་ཤང་དུ་ཡུལ་སྐོར་ལ་སྐྱོད་མཁན་སློབ་ཆེན་ཐོན་པའི་སློབ་གྲྭ་ཆེ་མོ་བ་ལི་ཡུས་ཧན་གྱིས་ཉིན་གཅིག་ལ་གསའ་7མཐོང་། ན་ནིང་དབྱར་ཁར་དོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཤའོ་ནན་ཚེང་གིས་གཙོད་སྟོང་ཕྲག་མཚོ་བོད་ལྕགས་ལམ་གྱི་སྨུག་སའི་སོག་ལམ་གྱི་ཟམ་ཆེན་བྱང་མ་སྒྲོལ་བ་མཐོང་། འདི་ལོའི་ཟླ་དང་པོར་གསར་འགོད་པ་རྨ་ཆུའི་ཆུ་འགོར་བརྟག་ཞིབ་ལ་སྐྱོད་སྐབས་རྐྱང་བརྒྱ་ལ་ཉེ་བ་ཞིག་རླངས་འཁོར་དང་མཉམ་དུ་ཐག་རིང་པོར་བང་འགྲན་པ་མཐོང་།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྣོད་བཅུད་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་འཇིགས་བྱེད་ཀྱིས་2018ལོའི་རྒྱང་ཚོར་ཞིབ་དཔྱད་བྱས་འབྲས་གསར་ཤོས་ལས་མངོན་པ་ལྟར་ན། 2013ལོའི་ལོ་མཇུག་དང་བསྡུར་ཚེ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་སླར་ཡང་བརྒྱ་ཆའི་གྲངས་2ཙམ་གྱིས་མཐོ་བ་ཡོད་པ་དང་། ནགས་ཚལ་ཁེབས་ཚད་4.8%ནས་7.43%བར་མཐོ་རུ་ཕྱིན་པ། ཆུ་ཁོངས་བཟུང་ཚད་4.89%ནས་5.7%བར་མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
     གཙང་གསུམ་ཆུ་འགོའི་འབྲོག་པ་དེ་བས་མང་བར་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་བྱུང་ཡོད་པ་དང་ཕྱི་ཕྱོགས་ཀྱི་འཁོར་ཁྲིད་ཡུལ་སྐོར་བྱེད་མཁན་ཚོར་དམིགས་ཏེ་འབྲོག་ཁྱིམ་གྱི་སྤྲོ་སྐྱིད་ཁང་དང་། བོད་ཟས་ཁང་། སྣུམ་སྣོན་ས་ཚིགས་བཅས་བཙུགས་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད། འབྲོག་པ་ཁྲི་1.7སྣོད་བཅུད་བདག་སྐྱོང་བར་གྱུར་ནས་ལོ་ལྟར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.16ཡོང་གི་ཡོད་པ་རེད།
མཚོ་སྔོན་གྱི་ཁུ་ཁུ་ཤིས་རིར་ཟས་འཚོལ་བཞིན་པའི་གཙོད།
མཚོ་སྔོན་གྱི་ཁུ་ཁུ་ཤིས་རིར་ཟས་འཚོལ་བཞིན་པའི་གཙོད།