འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎བོད་ལྗོངས་ཀྱིས“ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྐབས་བཅུ་པ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ལྷ་སར“བསྡོམས་རྩིས་ཀྱི་ཐོག་མའི་བསམ་འདུན་ནན་སྲུང་གིས། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྐབས་བཅུ་པ་སྤེལ་ལ། དེའི་ནང་བོད་རང་སྐྱོང་ལྗོངས་(ཀྲུང་གོ)ཀྱི་ཐད་གཏོགས་ཚན་པ་དང་། སློབ་གྲྭ་ཆེ་འབྲིང་། འབྲེལ་ཡོད་ཁེ་ལས་བཅས་ཚན་པ་40ཞུགས་ཡོད། 
     སྤྱི་ཚོགས་ལས་རིགས་ཁག་གིས་བསྡོམས་རྩིས་ལས་དོན་ལ་སྔར་བས་ཤེས་རྟོགས་ཐུབ་པ་བྱ་ཆེད། བྱེད་སྒོ་དེས་བརྗོད་དོན་གཙོ་བོའི་འཆད་ཁྲིད་དང་། འགྲེམས་པང་འགྲེམས་སྟོན། ཡུལ་དངོས་སུ་དོགས་འདྲིར་ལན་འདེབས་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རིང་བོད་ལྗོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་བྱ་གཞག་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། བསྡོམས་རྩིས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་པ། གྲོང་མིའི་གཏོང་ཡོང་གྲངས་གཞི་དང་ཞིང་འབྲོག་ལས་ཀྱི་འབྲེལ་ཡོད་གྲངས་གཞི་ཐོན་སྐྱེད་བརྒྱུད་རིམ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་པ་མ་ཟད། ཚན་པ་ཁག་གིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཡང་བརྒྱབ་པ་རེད། 
     “ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོ”ནི་ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གཉེར་འགོ་ཚུགས་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི“འཛམ་གླིང་གི་བསྡོམས་རྩིས་ཉིན་མོ”བཙུགས་པར་རྟེན་འབྲེལ་ཞུ་བ་དང་སྦྲགས་ཀྲུང་གོའི་བསྡོམས་རྩིས་ཡོངས་བསྒྲགས་དང་ཁ་གསལ་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད་ཡིན། 2010ལོ་ནས་བཟུང་ད་ལོ་སྐབས་བཅུ་པར་སླེབས་ཡོད། 
     ད་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་སྐོར་གླེང་སྐབས། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་པོ་ཁྲེང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་ནི་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་། “བདེན་པ་བདེན་ཐུབ་དང་། ཚན་རིག་གཟབ་ནན། གསར་གཏོད་ཡར་བརྩོན། ཞབས་ཞུ་ལེགས་སྐྱེས”བཅས་ཀྱི་བསྡོམས་རྩིས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་སྟེ། དེ་བས་ཡང་དག་གི་གྲངས་གཞི་དང་དེ་བས་སྤུས་ལེགས་ནུས་ཆེའི་ལས་དོན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་མི་དམངས་ཀྱི་འཚོ་བར་ཞབས་འདེགས་ཞུ་དགོས་ཞེས་བརྗོད་པ་རེད། 
     ལིའུ་པོ་ཁྲེང་གིས་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དུས་རབས་གསར་པའི་དེང་རབས་ཅན་གྱི་བསྡོམས་རྩིས་བརྟག་དཔྱད་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། བསྡོམས་རྩིས་བརྟག་དཔྱད་ལས་དོན་གྱི་ཚན་རིག་རང་བཞིན་དང་དབང་གྲགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་བསྡོམས་རྩིས་བརྟག་དཔྱད་ཀྱི་འགན་ལེན་བརྟན་པོ་མཁོ་སྤྲོད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།