འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་པེ་ཅིང་དུ་གྲོལ་བ།

ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་34པར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་གནང་བ་རེད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་162ཚོགས་འདུར་ཞུགས་ཡོད་པས་ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་དོན་ཚན་བརྡས་ཐག་བཅད་རྗེས་ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྐོར་གྱི་བཅའ་ཁྲིམས་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆེད་མངགས་ཚོགས་འདུ་ཐོལ་པ་ཞིག་འཚོགས་ནས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་དེ་ཀྲུང་གོ་གསར་པ་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་གྱི་བྱས་རྗེས་དཔེ་བཟང་མི་སྣར་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོག་མར་སྤྲད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བའི་དོན་དངོས་ཀྱི་དགོས་མཁོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་དུས་རབས་ཀྱི་སྙིང་སྟོབས་གཅིག་ཏུ་འདུས་པའི་དོན་དངོས་ཀྱི་དགོས་མཁོ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་ལམ་ལུགས་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་བཅས་རེད་ཅེས་གསུངས་པ་རེད།
     ལི་ཀྲན་ཧྲུའུ་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་ཚུན་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོ་མཚར་དང་ཆབ་སྲིད་བརྟན་ལྷིང་གི་ངོ་མཚར་བཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བསུས་ཡོད། ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དེའི་ཁྲོད་ཀྲུང་ཧྭ་ཡི་ཕུལ་བྱུང་བུ་ཕྲུག་མང་པོས་རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཆེད། རང་ཉིད་བློས་གཏོང་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཏེ་མི་སེམས་འགུལ་བའི་བྱས་རྗེས་བཞག་པ་དང་། སུབ་ཐབས་བྲལ་བའི་བྱས་རྗེས་བཞག་པ། ཐུན་མོང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད། ད་རེས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་36དེ་དག་ཚང་མ་ནི་ཕྱོགས་ཁག་གི་ཐད་ཚབ་མཚོན་རང་བཞིན་དང་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པ་དང་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་ཕུལ་བྱུང་མི་སྣ་ཤ་སྟག་ཡིན་པ་རེད། ལོ་ངོ་70ཡི་ནང་རྒྱལ་སྤྱིའི་མཛའ་མཐུན་མི་སྣ་མང་པོས་ལྷག་བསམ་ཟོལ་མེད་ངང་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད། ད་རེས་མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་གལ་ཆེའི་མི་སྣ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་6པོ་དེ་དག་ནི་དེའི་ཁྲོད་ཀྱི་འཐུས་མི་ཙམ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ་བརྒྱུད་ཁོང་ཚོར་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་དེ་སྤྲད་དེ་ཁོང་ཚོའི་བྱས་རྗེས་རླབས་ཆེན་ཁྱབ་བསྒྲགས་ཤུགས་ཆེན་བྱས་པ་དང་། དེ་ནི་སྤྱི་ཚོགས་ཧྲིལ་པོར་མིག་ལྟོས་ཡར་འདྲེན་དང་། དཔའ་བོར་གོང་བཀུར། གདོང་ལེན་བརྩོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་སྔར་བས་ཆགས་པ་བྱེད་པ་དང་། རྩ་ཁྲིམས་དང་ཁྲིམས་སྐྱོང་གི་སྙིང་སྟོབས་མངོན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གོང་བུ་འགྲིལ་ཤུགས་དང་བློ་སེམས་འགུགས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་སྔར་ལས་ལྷག་པ་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ཞི་བདེ་དོན་གཉེར་དང་སྲུང་སྐྱོང་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བློ་སྟོབས་བརྟན་པོ་དང་བློ་རྒྱ་ཆེན་པོ་མངོན་པར་ཡང་བྱས་ཡོད་ཅེས་གསུངས་པ་རེད།