འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎ཀྲུང་དབྱང་ནོར་སྲིད་ཀྱིས་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཕག་པ་གསོ་ཚགས་དང་ཕག་ཤ་མཁོ་སྤྲོད་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ནོར་སྲིད་པུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་བྱ་ཐབས་སྣ་མང་ཧུར་ཐག་སྤྱད་དེ་ཕག་པ་གསོ་ཚགས་བརྟན་པོ་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཧུར་ཐག་བྱས་ཡོད་ཅེས་བརྗོད་པ་རེད།
     ཨ་ཧྥེ་རི་ཁའི་ཕག་ནད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་པའི་ཐད། ན་ནིང་ཟླ་8པར་ནད་ཡམས་ཐོན་རྗེས་ཀྲུང་དབྱང་ནོར་སྲིད་ཀྱིས་ཨ་ཧྥེ་རི་ཁའི་ཕག་ནད་ཡོད་པ་བཙན་ཤེད་ངང་གསོད་པ་དང་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ། ཁ་གསབ་ཚད་གཞི་གནས་སྐབས་ཕག་པ་རེར་སྒོར་800ནས་སྒོར་1200བར་མཐོ་རུ་བཏང་བ་དང་། དུས་མཚུངས་ཨ་ཧྥེ་རི་ཁའི་ཕག་ནད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་ཆེད་དོན་གྲོན་དངུལ་བཀོད་སྒྲིག་བྱས་པ་དང་། བཙན་ཤེད་ངང་གསོད་པའི་ཁ་གསབ་རོགས་དངུལ་སྤྲོད་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ། སྔོན་ཆད་ལོ་འཁོར་ལྟར་ལོ་མཇུག་ཏུ་སྤྲོད་པ་ནས་ལོ་ཕྱེད་ལ་མཇུག་རྩིས་བརྒྱབ་སྟེ་ཐེངས་རེ་སྤྲོད་པའི་བར་ལེགས་སྒྲིག་བྱས་པ་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྤྲད་རྗེས་རྫོང་དང་གྲོང་ཁྱེར་གྱིས་ཟླ་གསུམ་ཚུན་དུ་ཁ་གསབ་རོགས་དངུལ་དམིགས་སར་སྤྲད་དེ། ཁ་གསབ་རོགས་དངུལ་སྤྲོད་པའི་མྱུར་ཚད་མགྱོགས་སུ་བཏང་ནས་གསོ་སྤེལ་ར་བའི(དུད་ཚང)མ་དངུལ་གྱི་གནོན་ཤུགས་ཡང་དུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། མིག་སྔའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་ཨ་ཧྥེ་རི་ཁའི་ཕག་ནད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་13.42ཆེད་མངགས་བཀོད་སྒྲིག་བྱས་པ་རེད།
     ཕག་པ་གསོ་ཚགས་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པའི་ཐད། ཀྲུང་དབྱང་ནོར་སྲིད་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དམིགས་སའི་རང་བཞིན་ལྡན་པའི་ནོར་སྲིད་རྒྱབ་སྐྱོར་སྲིད་ཇུས་བཏོན་ཏེ། ཁྲོམ་རའི་སྔོན་དཔག་བརྟན་དུ་དང་ཁྲོམ་རའི་གདེང་ཚོད་ཆེ་རུ་བཏང་ནས་ཕག་པ་གསོ་ཚགས་སླར་གསོ་བྱེད་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། བྱེད་ཐབས་གཙོ་བོའི་ནང་། གནས་སྐབས་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་འདོན་པ་དང་། ཕག་པ་མཁོ་སྤྲོད་བྱེད་མཁན་རྫོང་ཆེན་ལ་བྱ་དགའི་དངུལ་མང་དུ་གཏོང་བ། ཕག་པའི་འགན་བཅོལ་དངུལ་འབོར་མང་དུ་གཏོང་བ། ཕག་པ་རྒྱུད་བཟང་གི་ཁ་གསབ་སྤྲོད་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ཚུད་ཅིང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཚན་ཁག་གིས་སྤྱི་འདོམས་འགན་ནུས་སྔར་བས་ཤུགས་ཆེར་བཏང་སྟེ། ཕག་པ་གསོ་ཚགས་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
     ནོར་སྲིད་པུས་གོམ་སྟབས་རྗེས་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། མུ་མཐུད་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཕག་པའི་ཁྲོམ་རའི་སྒུལ་རྣམ་ལ་རྗེས་འདེད་དང་དོ་སྣང་ཆེན་པོ་བྱས་ནས། ཕག་པ་གསོ་ཚགས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཕག་ཤ་གྲབས་གསོག་ལ་རྒྱབ་སྐྱོར་བྱས་ཐོག་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།