འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎རང་རྒྱལ་གྱི་སྨན་བཅོས་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་9ཚེས་17ཉིན་ནི་འཛམ་གླིང་གི་ནད་པའི་བདེ་འཇགས་ཉིན་མོ་ཐོག་མ་རེད། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས་16ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྨན་བཅོས་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཏེ། སྨན་ཁང་དུ་བསྡད་པའི་ནད་པ་འཆི་ཚད་དང་ཁྲག་བླུགས་ནས་མ་འཕྲོད་པ་བྱུང་ཚད་སོགས་ནད་པའི་བདེ་འཇགས་རིགས་ཀྱི་སྟོན་གྲངས་མུ་མཐུད་དམའ་རུ་ཕྱིན་ཡོད་པ་རེད།
     འདི་ལོའི་ཟླ་5པར་སུའེ་ཙེར་གྱི་གྲོང་ཁྱེར་རེ་ན་ཝར་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་72པའི་ཐོག་གྲོས་འཆམ་བྱས་པ་བརྒྱུད། ལོ་རེའི་ཟླ་9ཚེས་17ཉིན་དེ་འཛམ་གླིང་གི་ནད་པའི་བདེ་འཇགས་ཉིན་མོར་གཏན་འཁེལ་བྱས་ཤིང་། ནད་པའི་བདེ་འཇགས་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱེད་པ་དང་གོ་ལ་ཧྲིལ་པོའི་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ནད་པ་བདེ་འཇགས་ཡོང་ཚད་མཐོ་རུ་གཏོང་རྒྱུ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་སྲིད་སྨན་བཅོས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཁྲང་ཆང་གིས། ནད་པའི་བདེ་འཇགས་ཞེས་པ་ནི་གཙོ་བོ་བརྒྱུད་རིམ་རང་བཞིན་དང་སྔོན་འགོག་རང་བཞིན་གྱི་བྱ་ཐབས་སྤྱད་དེ། སྨན་བཅོས་བྱེད་རིང་དང་དེ་བཞིན་སྨན་ཁང་གི་ཁོར་ཡུག་ཁྲོད་ཀྱི་ཉེན་ཁ་སྣ་ཚོགས་ཐོན་ཚད་དམའ་རུ་བཏང་ནས་ནད་པ་སྨན་ཁང་དུ་སྡོད་རིང་གང་ཐུབ་ཅི་ཐུབ་ཀྱིས་དགོས་མེད་ཀྱི་གནོད་འཚེ་མི་ཕོག་པ་བྱས་ཏེ། ནད་པ་དང་དེ་བཞིན་སྨན་ཁང་ཧྲིལ་པོའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བདེ་འཇགས་ཀྱི་རྣམ་པར་ཟེར་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཀྲོའུ་ཁྲང་ཆང་གིས། ལོ་མང་རིང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྲིད་ཇུས་ཀྱི་ཡིག་ཆ་མང་པོ་བཏོན་པ་དང་། སྨན་བཅོས་ཀྱི་སྤུས་ཚད་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འབྲེལ་འཐུས་སྒོ་ཚང་དུ་བཏང་བ། ནད་ཐོག་སྨན་བཅོས་ཀྱི་འབྲེལ་ཡོད་ཚད་གཞིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། སྨན་བཅོས་བྱེད་རིང་གི་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་སྨན་དོན་མི་སྣས་བརྩི་བཀུར་ཞུ་དགོས་པའི་ལམ་ལུགས་རབ་དང་རིམ་པ་གསལ་པོར་བཟོས་པ་བཅས་ལས་སྨན་བཅོས་ཀྱི་སྤུད་ཚད་དང་ནད་པའི་བདེ་འཇགས་འགན་ལེན་བྱེད་པའི་ཐད་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་དུས་མཚུངས་སུ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ནད་པའི་བདེ་འཇགས་དོ་དམ་དེ་སྨན་བཅོས་དོ་དམ་གྱི་ལྷུ་ཚིགས་ཁག་ནང་བཅུག་ནས། རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ནད་པའི་བདེ་འཇགས་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱ་རྒྱུ་རེད། 2018ལོར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ནད་པའི་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ནད་པའི་བདེ་འཇགས་ལས་དོན་ཆེད་མངགས་བཀོད་སྒྲིག་བྱས་པ་དང་ལས་འགན་གཙོ་བོ་ལྔ་དང་ལས་ཀའི་བྱ་ཐབས་བཅུ་གསལ་པོ་བཏོན་ཡོད་ཅེས་བརྗོད་པ་རེད།