འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎མི་རིགས་ལུས་རྩལ་འགྲན་ཚོགས་ལས་མི་རིགས་མཐུན་སྒྲིལ་གྱི་བཀྲག་མདངས་འཚེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     གསེར་གྱི་རྟགས་མ་ལེན་པའི་འདུ་ཤེས་ཆུང་དུ་གཏོང་བ་དང་། བྱ་དགའ་སྤྲོད་རྒྱ་ཆེ་རུ་གཏོང་བ། བྱ་དགའི་རྟགས་མའི་མིང་གྲལ་མ་བསྒྲིགས་པར་མང་ཚོགས་ཞུགས་རྒྱུར་སྐུལ་ལྕག་བྱེད།
     འདི་ནི་ཀྲེང་ཀྲོའུ་རུ་སྤེལ་བའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་ལུས་རྩལ་འགྲན་ཚོགས་གཞན་དག་དང་མི་འདྲ་བའི་མངོན་གསལ་དོད་པའི་ཁྱད་ཆོས་ལྡན་ཞིང་། ཁྱད་ཆོས་དེ་ལས་མི་རིགས་མཐུན་སྒྲིལ་དེ་ཉིད་ལུས་རྩལ་འགྲན་ཚོགས་ཐོག་གི་བཀྲག་མདངས་འཚེར་ཤོས་ཀྱི“གསེར་གྱི་རྟགས་མ”ཞིག་ཏུ་གྱུར་ཡོད།
     ཚེས་15ཉིན་གྱི་དགོང་མོ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་སྤྲོད་པའི་མཚན་ཚོགས་ཀྲེང་ཀྲོའུ་རུ་འཚོགས་པ་དང་། མཚན་ཚོགས་ཐོག་ཕུལ་བྱུང་འཁྲབ་སྟོན་གྱི་རྣམ་གྲངས་འགའ་ཞིག་འགྲེམས་འཁྲབ་བྱས་པས་མཐར་འཁྲབ་སྟོན་རྣམ་གྲངས་66ལ་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད།
     འཁྲབ་སྟོན་རྣམ་གྲངས་ནི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བཀྲག་མདངས་འཚེར་ཤོས་ཤིག་ཡིན་པ་དང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་འཁྲབ་སྟོན་རྣམ་གྲངས་194ཡོད་པ་དེ་རྩལ་འགྲན་རྣམ་གྲངས་དང་མི་འདྲ་བར་འཁྲབ་སྟོན་རྣམ་གྲངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་འགྲེམས་སྟོན་བྱེད་པ་དང་། མི་རིགས་ཁག་གི་རིག་གནས་མཉམ་འདྲེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་གཙོ་བོར་བྱེད་ཀྱི་ཡོད།
     འཁྲབ་སྟོན་རྣམ་གྲངས་ཕུད། ལོ་66རིང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་རྣམ་གྲངས་ཁྲོད་རྒྱུན་ཆད་མེད་པར་མིང་གྲལ་ལ་མཐོང་ཆེན་པོ་མི་བྱེད་པར“མི་རིགས་མཐུན་སྒྲིལ་གྱི་འདུ་ཚོགས་གཟབ་རྒྱས་དང་། མང་ཚོགས་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས”ཀྱི་ངེས་གནས་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་སྟེགས་བསྐྲུན་ཏེ། མི་རིགས་ཁག་གིས་རྩལ་འགྲན་འགྲན་བསྡུར་ཁྲོད་མཛའ་གྲོགས་ཟབ་ཏུ་བཏང་ནས་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་བཏང་ཡོད།
     སྐབས་འདིའི་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་བ་དང་ཆབས་ཅིག འགྲན་བསྡུར་རྣམ་གྲངས་འགའ་ཞིག་ལའང་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོན་མོད། འོན་ཀྱང་འགྲན་བསྡུར་དྲག་པོ་ཇི་ཙམ་བྱས་རུང་འགྲན་བསྡུར་ཚར་རྗེས་སྔར་བཞིན་གྲོགས་པོ་ཡག་པོ་ཞིག་རེད།
     “མ་གཞི་དེ་རིང་ང་ཚོ་དང་པེ་ཅིང་རུ་ཁག་འགྲན་བསྡུར་འཁྲུག་པོ་ཞིག་བྱས་ནའང་འགྲན་བསྡུར་ཚར་རྗེས་ང་ཚོ་ནི་གྲོགས་པོ་ཡག་པོ་ཞིག་ཡིན”ཞེས་ཀོང་ཤིས་རུ་ཁག་གི་རྩལ་འཁྲིད་པ་ཐན་དབྱི་མོའུ་ཡིས་བཤད་པ་དང་། ཁོང་གིས“ང་ཚོའི་རུ་མིའི་ནང་མན་ཇུ་རིགས་དང་། ཡུ་གུར་རིགས། ཀྲོང་རིགས་སོགས་ཡོད། ང་ཚོ་མི་རིགས་མང་པོ་མཉམ་འདྲེས་བྱས་པས་འབྲེལ་བ་ཧ་ཅང་ཟབ་པོ་ཡོད”ཅེས་བཤད།
     འགྲན་རའི་ཕྱི་རོལ་དུ། མི་རིགས་ལུས་རྩལ་འགྲན་ཚོགས་ཀྱིས་ཀྱང་མི་རིགས་ཁག་གིས་མཉམ་དུ་མཛའ་གྲོགས་གླེང་བའི་སྦྲེལ་ཟམ་བཙུགས་ཡོད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཟླ་མཆོད་དུས་ཆེན་དང་སྐབས་འཁེལ་བས་ཚེས་12ཉིན་གྱི་དགོང་མོ་ཀྲེང་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ཀྲེང་ཀྲོའུ་སུང་ཧྲན་གསོལ་མགྲོན་ཁང་དུ་ཟླ་མཆོད་མཉམ་སྤྲོའི་མཚན་ཚོགས་གཞན་དང་མི་འདྲ་བ་ཞིག་འཚོགས་པ་རེད།
     ཆུ་ཚོད་གཅིག་ལྷག་ཙམ་གྱི་མཚན་ཚོགས་ཐོག“རྒྱུ་མང་གཞི་གཅིག”གི་མི་རིགས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་པ་དང་། དགོད་སྒྲའི་ཁྲོད་མི་རིགས་ཁག་གིས་མཛའ་གྲོགས་གྱི་འབྲེལ་བ་བཙུགས་ཡོད་ལ་མཐུན་སྒྲིལ་ཡང་ཟབ་ཏུ་ཕྱིན་ཡོད་པ་རེད།