འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཧྲང་ཧའེ་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུ་ཡིན་པའི་ལྟ་སྟངས་འཛིན་པ། ཕྱི་རྒྱལ་གྱི་
མ་འཇོག་རྣམ་གྲངས་42ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ཧྲང་ཧའེ་ཡིས་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་ཁག་42ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པའི་མཛད་སྒོ་འཚོགས་ནས་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་77(མི་དམངས་ཤོག་སྒོར་དུང་ཕྱུར་550དང་ཧ་ལམ་མཚུངས)ཟིན་པའི་ཁྲོད་ཨ་སྒོར་དུང་ཕྱུར་1ལས་བརྒལ་བའི་རྣམ་གྲངས་ཆེ་གྲས་15ཡོད་པ་དེ་དག་རིག་ནུས་བཟོ་སྐྲུན་དང་། སྐྱེ་དངོས་སྨན་རྫས། རྫས་འགྱུར་བཟོ་ལས། འདུས་གྲུབ་གློག་ལམ། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། ཚོང་དོན། དངུལ་རྩ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་ བ་ཡོད་པ་དེ་ཐོག་ནས་ཧྲང་ཧའེ་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དབར་གྱི་མཉམ་ལས་དེ་བས་མཐོ་བའི་ཆུ་ཚད་དང་། དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས། དེ་བས་ཟབ་པའི་རིམ་པ་བཅས་ཀྱི་ཕྱོགས་སུ་སྐྱོད་པ་གང་ལེགས་མངོན་ཡོད།
     འདི་ལོའི་ཟླ་1ནས་8བར་ཧྲང་ཧའེ་ཡིས་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་དང་། གན་རྒྱའི་ཕྱི་དངུལ་བསྡོམས་འབོར། དངོས་སུ་འབྱོར་བའི་ཕྱི་དངུལ་བསྡོམས་འབོར་བཅས་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཏེ་47.8%དང་9.6% 13.4%བཅས་སོ་སོར་འཕར་བ་དང་། རྒྱལ་སྒྲོལ་ཀུང་སིའི་ས་ཁུལ་གྱི་སྤྱི་ཁྱབ་པུའུ་31དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་སྤྱི་ཁྱབ་པུའུ་18 ཞིབ་སྤེལ་ལྟེ་གནས་10བཅས་གསར་འཕར་བྱུང་ཡོད་པ་རེད། ཟླ་8པའི་ཟླ་མཇུག་བར་རིམ་རྩིས་ལྟར་ན། ཧྲང་ཧའེ་ཡིས་བཞག་པའི་གན་རྒྱའི་ཕྱི་དངུལ་ཨ་སྒོར་དུང་ཕྱུར་5000ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་རིམ་རྩིས་ལྟར་ན་དངོས་སུ་སྤྱད་པའི་ཕྱི་དངུལ་ཨ་སྒོར་དུང་ཕྱུར་2500ལས་བརྒལ་ནས་བརྟན་པོའི་ངང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་རྒྱལ་སྒྲོལ་ཀུང་སིའི་ས་ཁུལ་གྱི་སྤྱི་ཁྱབ་པུའུ་701དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་སྤྱི་ཁྱབ་པུའུ་106 ཞིབ་སྤེལ་ལྟེ་གནས་451བཅས་ནང་འདྲེན་བྱས་ནས་ནང་སའི་རྒྱལ་སྒྲོལ་ཀུང་སིའི་ས་ཁུལ་གྱི་སྤྱི་ཁྱབ་པུའུ་དང་ཕྱི་དངུལ་ཞིབ་སྤེལ་ལྟེ་གནས་ཀྱི་གྲངས་ཚད་མང་ཤོས་ཡིན་པའི་གྲོང་ཁྱེར་གྱི་གནས་བབ་སྔར་བས་སྲ་བརྟན་དུ་བཏང་ཡོད། དེ་ནི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོ་དང་ཧྲང་ཧའེ་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུ་ཡིན་པའི་ལྟ་སྟངས་འཛིན་པའི་ར་སྤྲོད་ནུས་ལྡན་ཞིག་རེད།