འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅།།རང་རྒྱལ་གྱི་ས་བབ་སྨི་4000ཡན་གྱི་དམངས་སྤྱོད་གནམ་ཐང་ཨང་5པར་གནམ་གྲུ་ཤར་
གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་སི་ཁྲོན་དཀར་མཛེས་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ། སི་ཁྲོན་མཁའ་འགྲུལ་གྱིས་འཕུར་སྐྱོད་ལག་བསྟར་བྱས་པའི་ཐེངས་3U8013གྱི་དུས་གཏན་གནམ་གྲུ་དལ་བུར་བབས་པ་དང་བསྟུན་ནས་ལོ་གཉིས་ལྷག་ཙམ་སྐྲུན་པའི་ས་བབ་སྨི་4068ཀྱི་སི་ཁྲོན་དཀར་མཛེས་གེ་སར་གནམ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་ཡོད། གེ་སར་གནམ་ཐང་དེ་རང་རྒྱལ་གྱི་ས་བབ་སྨི་4000ཡན་གྱི་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་ཨང་5པ་ཡིན་པ་རེད།
     དཀར་མཛེས་གེ་སར་གནམ་ཐང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་དམངས་སྤྱོད་གནང་ཐང་ཨང་གསུམ་པ་ཡིན་པ་དང་། ཀྲོའུ་དེ་ཡང་རྒྱལ་ཡོངས་ཀྱི་ས་བབ་སྨི་4000ཡན་གྱི་ས་མཐོའི་དམངས་སྤྱོད་ཡན་ལག་ལམ་ཐིག་གནམ་ཐང་3ཡོད་པའི་གྲོང་ཁྱེར་དང་ཀྲོའུ་གཅིག་པུ་དེར་གྱུར་ནས། ས་གནས་དེ་གའི་ཁམས་ཤར་དང་། ཁམས་ལྷོ། ཁམས་བྱང་བཅས་ཡུག་སྦྲེལ་ཁུལ་གྱི་ས་ཁོངས་ཧྲིལ་པོར་གནམ་གྲུ་ཤར་གཏོང་ཐུབ་ཡོད་པ་རེད།
     གེ་སར་གནམ་ཐང་གཉེར་སྐྱོང་བྱེད་མཁན་ཡིན་པའི་སི་ཁྲོན་དར་མདོ་གནམ་ཐང་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། གནམ་ཐང་གནས་སའི་གནམ་གཤིས་ཆ་རྐྱེན་ཞན་པ་དང་། ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ། འཛུགས་སྐྲུན་ཁོར་ཡུག་ཞན་པ། ལས་འབོར་ཆེ་བ་བཅས་ཡོད། གོང་དུ་བསྐྲུན་པའི་གནམ་ཐང་གཉིས་དང་འདྲ་བར་ཉིན་མཚན་དབར་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་། འཁྱགས་པ་ཐེབས་པའི་དུས་ཡུན་རིང་བ། ལོ་ཧྲིལ་པོའི་ཨར་སྐྲུན་གྱི་དུས་ཡུན་ཐུང་བ་སོགས་ཀྱི་གནད་དོན་ཡོད་པ་ཕུད། ད་དུང་ས་རྡོ་མང་བ་དང་ས་རྡོ་རྒྱོང་བའི་མཐོ་ཚད་མཐོ་བ་སོགས་ཀྱི་དཀའ་གནད་ཀྱང་འཕྲད་ཡོད། དེར་བརྟེན་ཨར་སྐྲུན་ལས་མིས་མཐོ་གྲང་གསོ་རླུང་དཀོན་པའི་དཀའ་ངལ་ཁྱད་བསད་བྱས་ཏེ་ཉིན་མཚན་ལྟོས་མེད་ངང་འབད་འཐབ་བྱས་ཡོད།