འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎ཆུ་གསུམ་རྫོང་གིས“འབྲས་སྐྲན་གཉིས”རིན་མེད་འདེམས་བཤེར་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། “ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི”གནས་ཚུལ་སྔར་བས་ཉུང་དུ་བཏང་སྟེ། བུད་མེད་ཀྱི་ནུ་མའི་འབྲས་སྐྲན་དང་། མངལ་སྐེའི་འབྲས་སྐྲན་ཏེ“འབྲས་སྐྲན་གཉིས”ཀྱི་ནད་ཕོག་ཚད་རྒྱུན་མི་ཆད་པར་ཉུང་དུ་བཏང་ནས་རྒྱ་ཆེའི་བུད་མེད་ཀྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱ་ཆེད། ཉེ་ཆར། ཆུ་གསུམ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བུད་མེད་བདེ་སྲུང་ས་ཚིགས་ཀྱི་ལས་དོན་མི་སྣ་དང་རྫོང་དེའི་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ། བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་བཅས་སྒྲིག་འཛུགས་བྱས་ཏེ་ནོར་བུ་ས་གྲོང་རྡལ་དུ་བསྐྱོད་དེ་བུད་མེད་ཀྱི“འབྲས་སྐྲན་གཉིས”རིན་མེད་འདེམས་བཤེར་དང་འགོག་བཅོས་བྱེད་པའི་བྱེད་སྒོ་སྤེལ་བ་རེད། 
     འདེམས་བཤེར་བྱེད་པའི་ཡུལ་དངོས་སུ་སྨན་པས་ལོ་35ནས་64བར་གྱི་མངལ་ཆགས་མེད་པའི་དུས་ཀྱི་བུད་མེད་ལ་དམིགས་ཏེ་HPVབརྟག་དཔྱད་དང་། ནུ་རྨེན་རེག་དཔྱད། ནུ་རྩའི་ཚོན་ལྡན་Bཚད་བརྒལ་སྒྲ་རླབས་ཞིབ་བཤེར། མངལ་སྐེའི་བཞའ་ཚན་རིག་པ་དཔེ་ལེན་སོགས་བུད་མེད་ཚན་ཁག་གི་རྣམ་གྲངས་ལ་གཅིག་སྡུད་ཐོག་ཞིབ་བཤེར་བྱས་པ་དང་འབྲེལ། ཞིབ་བཤེར་བྱ་ཡུལ་མང་ཚོགས་ལ་བདེ་ཐང་ཡིག་ཚགས་ཞིབ་ཕྲ་རེ་རེ་བཞིན་བཟོས་ནས་དུས་མཇུག་ཏུ་ཞིབ་བཤེར་དང་། དུས་མཇུག་གི་ཞིབ་དཔྱད་དང་། བཅར་འདྲི། དེ་མིན་འགོག་བཅོས་ལས་དོན་བཅས་ལ་འགན་ལེན་མཁོ་སྤྲོད་བྱས་པ་རེད། ད་ཐེངས་ཀྱི་རིན་མེད་འདེམས་དཔྱད་དང་འགོག་བཅོས་བྱེད་སྒོ་ལས་མང་ཚོགས་150ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། གོམ་སྟབས་རྗེས་མར་རྫོང་དེའི་འཕྲོད་བསྟེན་སྡེ་ཚན་གྱིས་ཤང་དང་གྲོང་རྡལ་གཞན་དག་ཏུ་རིན་མེད་འདེམས་དཔྱད་བྱེད་སྒོ་སྤེལ་ནས་རྫོང་ཚང་མར་ཁྱབ་རྒྱུ་འགན་ལེན་བྱས་ཏེ་བུད་མེད་ཀྱི་བདེ་ཐང་ཐད“སྲུང་གདུག”ཕུབ་རྒྱུ་ཡིན།