འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎བོད་ལྗོངས་ཀྱི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་དུས་མཉམ་ལས་
བཅུ་ཆ་གཉིས་ཙམ་འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་9ཚེས་13ནས་15ཉིན་བར་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་910021ལ་སྣེ་ལེན་བྱས་ལ། དེ་དུས་མཉམ་ལས་18.2%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་25290.43ཟིན་ལ། དེ་དུས་མཉམ་ལས་19.5%འཕར་ཡོད། 
     ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ལ་དམིགས་ཏེ་བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་པ་དང་གུང་གསེང་གི་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་པར་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར། རིག་གནས་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་བཏོན་ནས། མྱོང་རོལ་རང་བཞིན་དང་ཞུགས་འཐུས་རང་བཞིན་ལ་དེ་བས་སྣང་ཆེན་བྱས་པ་རེད། གུང་གསེང་རིང་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གྲོང་གསེབ་ཀྱི་རི་ཐང་དུ་བསྐྱོད་དེ་མཐོ་སྒང་གི་སྟོན་དུས་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་བ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། གནམ་མཚོ། ཡར་ཀླུང་གཙང་པོའི་རོང་ཆེན། ཇོ་མོ་གླང་མ་སོགས་མཛེས་ལྗོངས་ཁུལ་གཙོ་བོ་དེ་དག་སྔར་བཞིན་བོད་ལྗོངས་སུ་ཡུལ་སྐོར་དུ་ཡོང་མཁན་གྱི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཡིན་པ་དང་། མཚུར་ཕུའི་རོང་དང་། སྟག་གདོང་གྲོང་ཚོ། བྲག་ཡེར་པ་སོགས་ལྷ་སའི་བྱང་སྐོར་ལམ་རྒྱུད་ཀྱི་གྲོང་གསེབ་ཡུལ་སྐོར་དེ་ལྷ་སའི་གྲོང་མིའི་ལམ་ཐུང་ཡུལ་སྐོར་དང་གྲོང་འདབས་ཡུལ་སྐོར་གྱི་གདམ་ག་དང་པོར་གྱུར་ཡོད། ད་ལོའི་ཟླ་མཆོད་དུས་ཆེན་ནི་བོད་ཀྱི་སྲོལ་རྒྱུན་དུས་ཆེན་སྐར་མ་ར་ཥི་དང་ཏག་ཏག་འཁེལ་བས། མི་རྣམས་ཀྱིས་རྩེད་མོ་རྩེ་བཞིན་ཁྲུས་ལ་ཞུགས་པ་དང་། སྤྲོ་སེམས་འཁོལ་བའི་ངང་དུས་ཆེན་དགའ་གཏོང་བྱས། 
     ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ལ། ཡུལ་སྐོར་སྣེ་ལེན་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན། དགུན་དུས་བོད་དུ་ཡུལ་སྐོར་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97ལ་སྣེ་ལེན་བྱས་ལ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་149.36ཟིན་ཡོད།