འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎ཀྲུང་གོས་རྒྱལ་ཁབ་139ཡི་ཚབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་
ཀྱི་ཚོགས་འདུའི་ཐོག་འཕེལ་རྒྱས་དབང་ཆ་མངོན་འགྱུར་གང་ལེགས་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཁྲེན་ཤུས་ཀྱིས་ཚེས་13ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་42པའི་ཐོག་རྒྱལ་ཁབ་139ཡི་ཚབ་བྱས་ཏེ་འགོ་བརྗོད་དུ“འཕེལ་རྒྱས་དབང་ཆ་མངོན་འགྱུར་གང་ལེགས་ཡོང་བ་བྱས་ཏེ་འཕེལ་རྒྱས་ལས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས”ཞེས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།
     ཁྲེན་ཤུས་ཀྱིས། འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་མི་ཉམས་ཡུན་གནས་ཀྱི་བརྗོད་བྱ་གཙོ་བོ་ཞིག་རེད། རྒྱལ་ཁབ་ཁག་གི་ལག་ལེན་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ལས་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་དང་ལོངས་སྤྱོད་བྱེད་པའི་ཐད་གལ་འགངས་ཧ་ཅང་ཆེན་པོ་ལྡན་པ་བསྟན་ཡོད་ཅེས་བརྗོད།
     ཁྲེན་ཤུས་ཀྱིས། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་རྒྱུན་མཐུད་ངང་མཆེད་ནས་རྒྱལ་ཁབ་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ལ་གནོད་འཚེ་གཏོང་གི་ཡོད། རྒྱལ་ཁབ་ཁག་གི་འཕེལ་རྒྱས་སྔར་བཞིན་དོ་སྙོམས་མེད་པ་དང་། མཐུན་སྦྱོར་མེད་པ། ཆ་ཚང་པོ་མེད་པ་བཅས་དང་། དབུལ་པོ་དང་བཀྲེས་ལྟོགས་ད་དུང་རྩ་བའི་ཆ་ནས་སེལ་ཐུབ་མེད་པ། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དབང་ཆ་དོན་འཁྱོལ་བྱ་རྒྱུ་དེ་ད་དུང་སྔོན་དཔག་གི་ཆུ་ཚད་ལ་སླེབས་མེད། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《འཕེལ་རྒྱས་དབང་ཆའི་བསྒྲགས་གཏམ》མཛུབ་ཁྲིད་དུ་བྱས་ཏེ་འཕེལ་རྒྱས་དབང་ཆ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཛིན་གྱིས་མི་དམངས་ཀྱིས་འདྲ་མཉམ་ངང་འཕེལ་རྒྱས་ནང་ཞུགས་པའི་དབང་ཆ་འགན་ལེན་དང་མི་རྣམས་ཀྱིས་ལ་རྒྱ་ཡོད་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་བརྗོད།
     ཁྲེན་ཤུས་ཀྱིས། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་རེད། མིའི་རིགས་སྔ་ཙམ་དབུལ་པོའི་གནས་དང་ཆ་རྐྱེན་ཞན་པོ་ལས་རྦད་དེ་ཐར་ཐུབ་པ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་དེ་བས་ལེགས་པའི་སྐུལ་འདེད་དང་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཁག་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་མཐའ་འཁྱོངས་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་གྱི་གྲོས་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བསྟུན་མཁས་དང་རྒྱུན་མཐུད་ཀྱི་དཔལ་འབྱོར་འཕར་རྒྱུར་ཕྱོགས་ཡོངས་ནས་གཞོལ་དགོས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་གཏོང་བར་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ལས་མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་མཐའ་འཁྱོངས་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མི་དམངས་ཁྲོད་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་བཙལ་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་འདྲ་མཉམ་ངང་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས་པ། དམངས་འཚོ་འགན་ལེན་ཏན་ཏིག་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འདྲ་མཉམ་ངང་མི་དམངས་འཕེལ་རྒྱས་ནང་ཞུགས་པའི་དབང་ཆ་འགན་ལེན་དང་བུད་མེད་དང་། བྱིས་པ། རྒན་རྒོན། དབང་སྐྱོན་སོགས་ཉམས་ཞན་ཚོགས་སྤྱིའི་དབང་ཆ་འགན་སྲུང་བྱེད་དགོས་པ། འདྲ་མཉམ་ངང་ཕན་ཚུན་ཡིད་ཆེས་དང་། བསྟུན་མཁས་ངང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་ཁས་ལེན་དག་བྱ་སྤྱོད་དངོས་ལ་བསྒྱུར་བ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བསྐྲུན་དགོས་ཞེས་བརྗོད།
     མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་42པ་དེ་ཟླ་9ཚེས་9ཉིན་རི་ནེ་ཝའི་ཕོ་བྲང་དབན་གོ་རུ་འགོ་ཚུགས་ཤིང་། ཀྲུང་གོས་རྒྱལ་ཁབ་139ཡི་ཚབ་བྱས་ཏེ་འཕེལ་རྒྱས་དབང་ཆ་མངོན་འགྱུར་གང་ལེགས་ཡོང་བ་བྱས་ནས་འཕེལ་རྒྱས་ལས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བསམ་ཚུལ་ཡང་མཚོན་པར་བྱས་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོའི་འཐུས་ཚབ་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་རེད།