འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།སྲུང་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་ལ་བརྟེན་ནས་སྲུང་སྐྱོང་ལ་
རམ་འདེགས་བྱེད་པ།

འབྲི་ཆུའི་ཆུ་འགོའི་རྫོང་དང་པོའི་སྣོད་བཅུད་འཕེལ་རྒྱས་ཀྱི་ཐབས་ལམ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གཙང་གསུམ་ཆུ་འགོའི་དབུས་རྒྱུད་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡོད་པའི་འབྲི་ཆུའི་ཆུ་འགོར་ཆགས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ནི“ཁོར་ཡུག་སྲུང་སྐྱོང་བ”རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་སྐྱེ་ས་འཚར་ས་དང་ལས་ཀ་བྱ་ཡུལ་རེད། ཁོང་གིས་སྲོག་ཉེན་ལ་མ་འཛེམས་པར་སྲུང་སྐྱོང་བྱེད་པའི་ཁུ་ཁུ་ཤི་རི་ནི་ད་ཆ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ཅིག་རེད་ལ། ངག་དབང་ཤེས་རབ་སོགས་གཙང་གསུམ་ཆུ་འགོ་ཁུལ་གྱི་མི་སེར་ཚོས་མཉམ་དུ་སྲུང་སྐྱོང་བྱེད་པའི་མཆོག་ནོར་ལྟ་བུ་ཞིག་ཀྱང་རེད།
     སྣོད་བཅུད་རྒྱུན་མཐུད་ལེགས་སུ་སོང་བ་དང་ཆབས་ཅིག གྲོང་མི་ཚོར་ཡང་སེམས་ཁྲལ་གསར་པ་ཞིག་བྱུང་བ་སྟེ། དྲེད་མོང་གིས་རྟག་ཏུ་འཚོ་བར་གནོད་སྐྱེལ་བ་དེ་རེད། ཐང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་མདོ་ཚོན་རྡོ་རྗེས། ལོ་འདི་དག་ནང“དྲེད་མོང་གི་གནོད་འཚེ”ཐོན་མང་དུ་འགྲོ་ཡི་འདུག དྲེད་མོང་དེ་དག་མཚམས་རེ་ཁང་པའི་ནང་ཟས་འཚོལ་བར་ཡོང་བ་མ་ཟད། ནོར་ལུག་དང་མི་ལའང་གནོད་འཚེ་བཟོ་ཡི་འདུག་ཅེས་བཤད།
     ངག་དབང་ཤེས་རབ་ཀྱི་གནས་སྤོས་ཁང་པ་གསར་པའི་སྒོ་རའི་གྱང་ངོས་ལ་མཐོ་ཚད་སྨི་2ཡོད་པ་དང་ལྕགས་སྒོ་ཆེན་པོ་ཞིག་བརྒྱབ་ཡོད། “དེ་འདྲ་བྱས་ཚེ་དྲེད་མོང་གི་གནོད་འཚེ་གཞི་ནས་འགོག་ཐུབ་སྟེ་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཐུབ་ཀྱི་འདུག”ཅེས་འབྲི་སྟོད་རྫོང་འབྲི་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ངག་ཚེ་རིང་གིས་གསར་འགོད་པར་བཤད་བྱུང་།
     གྲོང་མི་ཚོ་དྲེད་མོང་ལ་དགའ་པོ་ཡོད་ལ་ཁོང་ཁྲོ་ཡང་ཟ་གི་ཡོད་ཅིང་། དགའ་པོ་ཡོད་དོན་ནི་དྲེད་མོང་མང་དུ་སོང་བ་དེ་ཐོག་ནས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱུང་བ་དང་སྣོད་བཅུད་ལེགས་སུ་སོང་བ་མཚོན་པས་ཡིན་པ་དང་། ཁོང་ཁྲོ་ཟ་དོན་ནི་དྲེད་མོང་གིས་བཟོས་པའི་གནོད་འཚེ་དུས་ཐུང་ནང་ཐག་གཅོད་དཀའ་བས་རེད། དེས་ན་འབྲོག་པ་འགའ་ཞིག་གིས་འབྲོག་རར་ཡོད་པའི་ཁང་པའི་ནང་ཟས་ཏོག་ཙམ་བཞག་རྗེས་སྒོ་དང་སྒེའུ་ཁུང་ཚང་མ་ཕྱེ་ཡི་ཡོད། དེ་ལྟར་དྲེད་མོང་གིས་ཟས་རྣམས་བཟས་རྗེས་ཁང་པའི་ནང་གཏོར་བཤིག་མི་གཏོང་བར་ཐོན་གྱི་ཡོད། དེའང་འབྲོག་པ་དང་དྲེད་མོང་དབར་མཉམ་གནས་བྱེད་ཐབས་ཤིག་རེད།
    སྣོད་བཅུད་ཉམས་ཞན་དུ་སོང་བའི་གཙང་གསུམ་ཆུ་འགོའི་ཁུལ་དུ་དོ་སྙོམས་མཉམ་གནས་བྱེད་པ་དེའང་ཐོན་ལས་འཕེལ་རྒྱས་ཁྲོད་ནས་མཚོན་གྱི་ཡོད། རི་མཐོའི་རྩྭ་ཁར་གཏོར་བཤིག་ཕོག་ཉུང་དུ་བཏང་ནས་དྭངས་གཙང་ཆུ་བོ་སྲུང་སྐྱོང་བྱེད་ཆེད། འབྲི་སྟོད་རྫོང་གིས་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་འབྲོག་པའི་འབབ་འཕར་ཡོང་ཁུངས་གཙོ་བོའི་ཐོན་ལས་ཀྱི་གྲས་ཤིག་ཏུ་བརྩིས་ཡོད།
     ཐང་དཀར་གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་ཁྲེན་ཡའུ་ཀུའེ་ཡིས། གྲོང་མི་ཚོས་ལུག་དང་། ནོར། རྩྭ་ཁ་སོགས་དངུལ་ལ་ཕབ་ནས་མ་རྐང་དུ་བྱས་ཏེ་མཉམ་ལས་ཁང་ནང་ཞུགས་པ་དང་། མཉམ་ལས་ཁང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བ་དང་། ལུགས་དང་མཐུན་པའི་སྒོ་ནས་བཤས་གཏོང་བ། ཐོན་རྫས་རིམ་སྤོར་བྱེད་པ། ཁྲོམ་ར་དང་སྦྲེལ་མཐུད་བྱེད་པ་སོགས་བརྒྱུད། སྣོད་བཅུད་སྲུང་སྐྱོང་བྱེད་པའི་ཆ་རྐྱེན་འོག གྲོང་ཚོའི་མཉམ་སྡེབ་ཁེ་འབབ་མང་དུ་བཏང་ནས་གྲོང་མི་ཚོར་སླར་ཡང་ཐོབ་ཆ་བགོས་ཤིང་། 2018ལོར་གྲོང་ཚོའི་མཉམ་སྡེབ་ལ་ཁེ་འབབ་སྒོར་ཁྲི་145བྱུང་བ་དང་སྒོར་ཁྲི་118བགོ་བཤའ་བརྒྱབ་ཡོད། དེའི་ཁྲོད་མ་རྐང་300ཡོད་པའི་གྲོང་མི་པད་དབང་ལ་ཐོབ་ཆ་སྒོར་62315རག་ཡོད། ལུག་33དང་འབྲི་གཡག་མགོ་གྲངས་5ཡི་ཐོག་ནས་མཉམ་ལས་ཁང་ནང་ཞུགས་པའི་ངག་དབང་ཤེས་རབ་ལ་2017ལོར་མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཐོབ་ཆ་སྒོར་4233དང་དབྱར་རྩྭ་དགུན་འབུ་འཐུ་བ་སོགས་ཀྱི་ཡོང་འབབ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ནས་དོན་ཡོད།
    ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་ཕྱུགས་འཚོ་བའི་སྔོན་འགྲོ་ནི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་དེ་རེད། འབྲི་སྟོད་རྫོང་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་ནམ་མཁའ་དཔལ་འཛོམས་ཀྱིས། འབྲི་སྟོད་རྫོང་གིས་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོ་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་ངེས་གནས་ལ་རང་རྟོགས་ངང་སྲུང་བརྩི་ཞུ་བ་དང་། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་དམ་པོར་དམིགས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ཧུར་ཐག་སྒྲུབ་པ། དམངས་ཡོངས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་བཅོས་སྒྲིག་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། སྣོད་བཅུད་བདག་སྐྱོང་བ་དང་ནགས་ལས་བདག་སྐྱོང་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་4163(བདག་སྐྱོང་བ་རེར་ཟླ་རེར་ཡོང་འབབ་སྒོར་1800ཡོད་པ)ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་བདག་སྐྱོང་མ་དངུལ་སྒོར་ཁྲི་8992དོན་འཁྱོལ་བྱས་ཡོད།
     འབྲི་སྟོད་རྫོང་གི་ཟོ་སྐྱ་དང་བྲག་དཀར་ཤང་2དང་གྲོང་ཚོ་8ལ་ཁྱིམ་ཚང་དབུལ་པོའི“དུད་ཚང་རེར་ཆ་སྙོམས་བདག་སྐྱོང་བ་རེ་བཀོད་སྒྲིག་བྱ་རྒྱུའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། སྔོན་ཆད་སྣོད་བཅུད་ལ་གཏོར་བཤིག་གཏོང་མཁན་རྫི་བོ་འབོར་ཆེན་ཞིག་ད་ཆ་སྣོད་བཅུད་སྲུང་སྐྱོང་གི་འཐབ་ས་དང་པོའི་འགན་འཁུར་བར་གྱུར་ཡོད། གླིང་ཕྱི་ནང་གི་དུད་ཚང་དབུལ་པོའི་འབབ་འཕར་ཐབས་ལམ་སྔར་ལས་རྒྱ་སྐྱེད་སོང་བ་དང་སྣོད་བཅུད་འཛུགས་སྐྱོང་གི་ཐོབ་ཆ་ལོ་རེ་བཞིན་མང་དུ་སོང་ཡོད།
     སྣོད་བཅུད་ཉམས་ཞན་དུ་སོང་བའི་གཙང་གསུམ་ཆུ་འགོའི་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་དེ་བས་བརྟན་པོ་སྤོ་དགོས། ས་གནས་དེས“གྲོང་ཚོ་དབུལ་པོ་3ཕྱིར་འཐེན་དང་། དུད་ཚང་1801གི་མི་འབོར་དབུལ་པོ་4915དབུལ་སྒྲོལ་བརྟན་པོ་ཡོང་བའི”ལྟེ་བའི་དམིགས་ཚད་ལ་མུ་མཐུད་དམིགས་ཏེ། དེ་བས་ནུས་ལྡན་གྱི་བྱེད་ཐབས་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་མཐུན་སྦྱོར་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དབུལ་ཞྭ་འབུད་པའི་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་རྒྱུ་རེད།