འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།མཚོ་སྔོན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མི་ཁྲི་20ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་ཐུ་མིན་ཀོན་གྲོང་ཚོ་དང་ཆིང་ཧྥུང་གྲོང་ཚོའི་སྦྲེལ་མཚམས་སུ་སོ་ཕག་དང་ཨར་འདམ་ལས་གྲུབ་པའི་ཞིང་ཁྱིམ་གྱི་སྒོ་ར་ཆུང་ཆུང་157གྲལ་སྟར་འགྲིག་པོར་གནས་པ་དེ་ནི་2018ལོའི་ལོ་མཇུག་ཏུ་ཆིའུ་ཙེ་ཀའུ་གྲོང་ཚོའི་མང་ཚོགས་489གནས་སྤོ་བྱས་པའི་སྡོད་ཁང་གསར་པ་ཡིན་པ་རེད།
    དེ་སྔ་ཆིའུ་ཙེ་ཀའུ་དེ་ཉིད་ཐུ་མིན་ཀོན་ཤང་གི་བྱང་ཤར་རི་ཁུལ་དུ་གནས་ཤིང་། ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་7ཡོད་པ་རེད། ལོ་12ལ་སླེབས་པའི་ཝང་ཧྲེ་ཤིའུ་ཐུ་མིན་ཀོན་གྲོང་ཚོའི་ལྟེ་བའི་སློབ་ཆུང་གི་ལོ་རིམ་དྲུག་པར་སྐྱོད་ཀྱི་ཡོད་པ་དང་། བུ་མོ་དེ་ལོ་རིམ་དང་པོ་ནས་བཟུང་སློབ་གྲྭར་ཞག་སྡོད་བྱས་ཏེ་གཟའ་མཇུག་ཏུ་ཁྱིམ་ལ་ལོག་གི་ཡོད། གངས་དང་ཆར་པ་འབབ་པའི་སྐབས་སུ་སྤྱི་ལེ་7ཡོད་པའི་སློབ་གྲྭར་སྐྱོད་སའི་ལམ་བུ་དེ་བུ་མོ་དེའི་སེམས་ཁྲལ་ཆེ་ཤོས་སུ་འགྱུར་གྱི་ཡོད། “རི་ལམ་གཟར་ལ་འདྲེད་བརྡར་ཤོར་སླ་བས་ལྷུངས་ཉེན་ཧ་ཅང་ཆེན་པོ་ཡོད། ད་ཆ་སློབ་གྲྭ་ནས་ཁང་པ་གསར་པའི་དབར་སྐར་མ་10ལས་འགོར་གྱི་མེད། སྡོད་ཁང་གསར་པའི་ནང་དྲོད་རླངས་ཡོད་པ་དང་རྒྱ་ཆེ་ལ་དཀར་ཆ་དོད་པ་ཞིག་ཡོད”ཅེས་བུ་མོ་དེས་བཤད།
    2017ལོར་ས་རྒྱུ་ཞན་པ་དང་། རི་མཐོ་ལ་གཡང་གཟར་བ། འགྲིམ་འགྲུལ་སྟབས་མི་བདེ་བས་ཆིའུ་ཙེ་ཀའུ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་64ཡི་མི་207ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས། སྐུ་འབུམ་རྫོང་གིས་བླང་བྱ་ལྟར་གནས་སྤོས་དུད་ཚང་གི་སྡོད་ཁང་བསྐྲུན་པའི་རྨང་གཞིའི་ཐོག ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོར་ཆུ་དང་། གློག ལམ། དྲ་བ། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། འཕྲོད་བསྟེན་ཁང་། གྲོང་ཚོའི་ལམ་སྒྱུར་བཀོད་སོགས་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་གྲོང་མི་ཚོ་འགྲོ་སྐྱོད་དཀའ་བ་དང་། སློབ་གྲྭར་སྐྱོད་དཀའ་བ། ལས་ཞུགས་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། སྲིད་ཇུས་ནུས་ཆེའི་ངང་དོན་འཁྱོལ་བྱས་པ་ལས། 2018ལོར་གནས་སྤོས་མང་ཚོགས་དུད་ཚང་157ཚང་མ་སྤོ་ཐུབ་པ་དང་། ཆིའུ་ཙེ་ཀའུ་གྲོང་ཚོ་བདེ་བླག་ངང་དབུལ་པོའི་གནས་ལས་སྒྲོལ་ཐུབ་པ། དུད་ཚང་དབུལ་པོ་64ཚང་མ་དབུལ་སྒྲོལ་ཐུབ་པ་བཅས་བྱུང་ཡོད།
     ཆིའུ་ཙེ་ཀའུ་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མཚོན་བྱེད་ཙམ་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར(ཀྲོའུ)8དང་། རྫོང(གྲོང་ཁྱེར་དང་ཆུས)38 ཤང(གྲོང་རྡལ)266 གྲོང་ཚོ་1249བཅས་སུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་5.2ཀྱི་མི་ཁྲི་20གནས་སྤོས་བཀོད་སྒྲིག་བྱས་པའི་ནང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་3.3གྱི་མི་ཁྲི་11.89ཡོད་པ་རེད།
     ཉེ་བའི་ལོ་ཤས་ནང་། མཚོ་སྔོན་ཞིང་ཆེན་གྱིས“དབུལ་པོའི་སྡོད་གནས་ལས་སྤོ་བ”དང“དབུལ་པོའི་ལས་ཀ་བརྗེ་བ”གཉིས་མཉམ་དུ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་རོགས་སྐྱོར་དང་། ལས་ཞུགས་གཞན་སྒྱུར། མ་མཐའི་འཚོ་བ་འགན་ལེན་ཐ་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། གནས་སྤོས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་མ་བཏང་བ་དང་། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་གནས་སྤོས་མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8187ཟིན་ཡོད་པ་རེད།
     ཤིན་ཏུ་དབུལ་བའི་བོད་རིགས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐད་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། གཙང་གསུམ་ཆུ་འགོའི་ཁུལ་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ལྟ་བུར་མཚོན་ན། སྲིད་གཞུང་གིས་ལས་གྲྭ་ལག་བསྟར་དང་ཐོན་ལས་དབུལ་སྐྱོར་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག སྣོད་བཅུད་ཞིང་འབྲོག་ལས་དང་། ཁྱད་ལྡན་ཐོན་ཁུངས་གསར་སྤེལ། མི་རིགས་ལག་ཤེས་བཟོ་ལས། ཚོང་དོན་ཞག་སྡོད་ཞབས་ཞུ། འོད་ཤུགས་དབུལ་སྐྱོར། ཡུལ་སྐོར་སོགས་འཕེལ་རྒྱས་བཏང་ནས་གྲོང་ཚོ་74དང་། དུད་ཚང་13898 མི་འབོར་དབུལ་པོ་47262བཅས་དབུལ་སྒྲོལ་འབབ་འཕར་བརྟན་པོ་ཡོང་བའི་སྐུལ་ཁྲིད་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་དུད་ཚང་ལ་ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2986བྱུང་ནས་མི་རེའི་ཆ་སྙོམས་འབབ་འཕར་སྒོར་878ཟིན་པ་དང་འཕར་ཚད་79%ཟིན་ཡོད་པ་རེད།