འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་སྒྲིག་གཞི་དང་དེ་བཞིན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཟླ་མཆོད་
དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ལོ་གཅིག་དུས་གཅིག་གི་ཟླ་མཆོད་དུས་ཆེན་འཆར་བ་དང་ཆབས་ཅིག་ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་དང་། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ཀྱིས་ཉེ་ཆར་བྱེད་སྒོ་སྣ་ཚོགས་སྤེལ་ནས་མཉམ་འཛོམས་ཀྱི་དགའ་སྤྲོ་མཉམ་རོལ་གྱིས་ཟླ་མཆོད་དུས་ཆེན་དགའ་གཏོང་བྱས་པ་རེད།
     ཚེས་13ཉིན་དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཟླ་མཆོད་དུས་ཆེན་གྱི་མཉམ་སྤྲོའི་སྣེ་ལེན་ཚོགས་འདུ་འཚོགས་པར་ཀྲུང་གོའི་མ་འཇོག་ཁེ་ལས་དང་། ཕྱི་སྦྱོང་སློབ་མ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་ཚབ། དེ་བཞིན་ཀྲུང་ཧྭའི་རིག་གནས་ལ་དགའ་ཞེན་ཡོད་མཁན་དབྱི་རན་གྱི་མཛའ་གྲོགས་མི་སྣ་བཅས་མི་300ཙམ་ཞུགས་ཡོད། སྣེ་ལེན་ཚོགས་འདུའི་བྱེད་སྒོ་འཁྲུག་ཆ་དོད་ལ་ལྟད་མོ་ཆེ་ཞིང་། རིག་རྩལ་འཁྲབ་སྟོན་ལ་ལྟ་བ་དང་། ཟླ་མཆོད་བག་ལེབ་ཟ་བ། ཀྲུང་གོའི་སྲོལ་རྒྱུན་གྱི་ཁ་ལག་བཟོ་རྩལ་ཉམས་ལེན་བྱེད་པ་བཅས་ཀྱི་ཐོག་ནས་སྐུ་མགྲོན་ཚོས་དུས་ཆེན་གྱི་མཚན་མོ་དེ་དགའ་སྤྲོའི་ངང་བཏང་བ་རེད།
     ཚེས་13ཉིན་ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཁྲེང་ཏུའུ་གྲོང་ཁྱེར་སྲིད་གཞུང་གིས“ཟླ་མཆོད་དུས་ཆེན་ལ་བསུ་བ་ཞུ། རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ”ཞེས་པའི་ཁྲེང་ཏུའུ་ཡི་ཞིམ་ཟས་རིག་གནས་དུས་ཆེན་མཉམ་དུ་གཉེར་བ་རེད། ཁྲེང་ཏུའུ་ནས་ཡོང་བའི་གྲགས་ཅན་མ་བྱན་གྱིས་བྲོ་བ་ཞིམ་པའི་ཚལ་རིགས་བཟོས་པ་དང་། སི་ཁྲོན་གྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་པས་ས་གནས་ས་ཐོག་ཏུ་འཇིམ་བརྙན་དང་ཀ་རའི་རི་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་བཟོ་རྩལ་ངོམ་སྟོན་བྱས་པར་ཡུལ་དངོས་སུ་ཡོད་པའི་ལྟད་མོ་བ་100ལྷག་ཙམ་གྱི་བསྔགས་བརྗོད་ཐོབ་པ་རེད།
     ཚེས་12ཉིན་གྱི་དགོང་མོ་ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཟླ་མཆོད་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས་པར་ལེ་པ་ནོན་དུ་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་། ཞི་བདེ་སྲུང་སྐྱོང་དཔུང་སྡེ། གཞུང་མངགས་དགེ་རྒན་དང་ཕྱི་སྦྱོང་སློབ་མ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་ཚབ་བཅས་མི་200ལྷག་ཙམ་ཞུགས་པ་རེད། སྐུ་མགྲོན་ཚོས་ས་གནས་ས་ཐོག་ཏུ་ཐུན་མོང་ཐོག་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་དང་འབྲེལ། རང་འགན་གཙང་སྒྲུབ་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།