འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།ཀན་སུའུ་ཡིས“གློག་རྡུལ་བདེ་ཐང་གཱ”བཟོས་ནས་མི་སེར་སྨན་བཅོས་བྱེད་བདེར་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། རྩ་གཉིས་ཨང་རྟགས་ཡོད་ཚེ་སྨན་ཁང་ཚང་མའི་ནང་དུ་བེད་སྤྱོད་གཏོང་ཐུབ་པས་ཡང་དང་ཡང་དུ་བརྟག་དཔྱད་བྱེད་དགོས་ཀྱི་མི་འདུག རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་བཤེར་ཚོགས་ཆུང་བཅོ་ལྔ་པས། ཉེ་ཆར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པའི་སྨན་ཁང་ཚང་མས་ལག་ཐོགས་སྨན་བཅོས་གཱ་མེད་པར་བཟོས་ནས། མང་ཚོགས་བང་བསྒྲིགས་ཏེ་སྨན་བཅོས་བྱེད་པའི་དུས་ཡུན་ཐུང་དུ་བཏང་བ་མ་ཟད། ད་དུང་སྨན་བཅོས་མྱོང་ཚོར་ཡང་ལེགས་སུ་བཏང་སྟེ། སྨན་བཅོས་བྱེད་བདེར་ཕྱིན་པ་མཐོང་ཡོད།
    སྔོན་ཆད། ནད་པས་ཀན་སུའུ་ཡི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྨན་བཅོས་བྱེད་སྐབས་ནད་པ་རེ་རེས་ལག་ཐོགས་སྨན་བཅོས་གཱ་རེ་གཉེར་དགོས། སྨན་ཁང་རེར་གཱ་རེ་ཡོད་པ་དང་། གཱ་ཡང་ཡང་སྤྲོད་པ། སྨན་ཁང་ཚང་མའི་ནང་དུ་བེད་སྤྱོད་མི་ཐུབ་པ་སོགས་ཀྱིས་ནད་པའི་སྨན་བཅོས་ཆ་འཕྲིན་དོ་དམ་ལ་ཕན་མི་ཐོགས་པ་མ་ཟད། ད་དུང་ཐོན་ཁུངས་འཕྲོ་བརླག་ཏུ་ཡང་འགྲོ་གི་ཡོད་པ་རེད།
    “ལག་ཐོགས་སྨན་བཅོས་གཱ་ལ་མི་འདང་ས་མང་པོ་ཡོད། ནད་པས་གཱ་གཉེར་ནས་ཨང་ཀི་ལེན་པར་དུས་ཚོད་རིང་པོ་སྒུག་དགོས། ཞིང་ཆེན་ཡོངས་སུ་སྐུལ་སྤེལ་གཏོང་བཞིན་པའི་གློག་རྡུལ་བདེ་ཐང་གཱ་འདིས་དང་ཐོག་གཱ་མང་པོ་ཉར་དགོས་པ་དང་བང་རིང་པོ་སྒྲིག་དགོས་པའི་གནད་དོན་ཐག་གཅོད་བྱེད་ཐུབ”གློག་རྡུལ་བདེ་ཐང་གཱ་ཞེས་པ་ནི་ནད་པ་རང་ཉིད་ཀྱི“རྩ་གཉིས་ཨང་རྟགས”ཡིན་ལ། སྨན་ཁང་གི་སྐར་ཁུང་ནས་ལེན་པའམ་ཡང་ན་ལག་ཐོགས་ཁ་པར་གྱི་མཉེན་ཆས་བརྒྱུད་ནས་ཕབ་ལེན་བྱེད་ཆོག ཨང་ཀི་ལེན་པའམ་སྨན་བཅོས་བྱེད་པ་དང་། ཡང་ན་སྨན་ལེན་པའམ་བརྟག་དཔྱད་བྱེད་པ་གང་ཡིན་ཡང་། རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ནས་སྒྲུབ་ཆོག་པས་བང་སྒྲིག་མི་དགོས་ཞེས་ཀན་སུའུ་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ཆ་འཕྲིན་ཁོའོ་ཡི་ཁོའོ་ཀྲང་ལིའུ་ལི་ལི་ཡིས་བརྗོད།