འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།ཧྲན་ཏུང་དུ་གྲོང་གསེབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧྲན་ཏུང་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པའི“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད། གློག་བརྙན་གཤམ་སྤེལ་གྲོང་ཚོ་ཁྲིར་བྱེད་པའི”འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་ཁྲང་ལེ་རྫོང་དུ་དངོས་སུ་འགོ་ཚུགས་པ་རེད།
    འགོ་ཚུགས་མཛད་སྒོའི་ཐོག དྲིལ་བསྒྲགས་སློབ་གསོའི་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་སྤྲད་པ་དང་། འགྲིམ་འགྲུལ་བདེ་འཇགས་སྒྲོག་འགྲེལ་བྱས་པ། གྲོང་གསེབ་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་འདྲི་ཤོག་བརྟག་ཞིབ་སྒྲིག་འཛུགས་བྱས་པ་དང་ཆབས་ཅིག་གྲོང་གསེབ་འགྲོ་ལམ་གྱི་འགྲིམ་འགྲུལ་དྲིལ་བསྒྲགས་ཉེན་བརྡའི་པར་གཞི་བསྟན་པ་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་བརྒྱུད་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དང་བཅའ་ཁྲིམས་ཤེས་བྱ་གྲོང་གསེབ་ཀྱི་འཚོ་བའི་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དེ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཧྲན་ཏུང་ཞིང་ཆེན་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་བྱེད་སྒོའི་བརྗོད་དོན་གཙོ་བོ་དང་། དྲིལ་བསྒྲགས་བྱེད་སྟངས། དྲིལ་བསྒྲགས་ནང་དོན་བཅས་གཅིག་གྱུར་གྱིས་དྲིལ་བསྒྲགས་ཡན་ལག་རུ་ཁག་བཙུགས་ནས་འགྲིམ་འགྲུལ་བདེ་འཇགས་སྒྲོག་འགྲེལ་དང་ཉེན་བརྡ་དྲན་སྐུལ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱུན་མཁོའི་ཤེས་བྱ་ཞིང་ནང་དང་མུ་ཁར་དྲིལ་བསྒྲགས་བྱེད་པ་དང་། ཡུལ་སྲོལ་དམངས་ཆིངས་ནང་འཇུག་པ། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ་གྲོང་གསེབ་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དང་། ཤེས་དཔལ་གྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཧྲིལ་པོར་ཤེས་དཔལ་ཁྲིམས་སྲུང་གི་འགྲོ་སྐྱོད་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་ཡིན་པ་རེད།
     2018ལོའི་ལོ་མཇུག་བར། ཧྲན་ཏུང་ཞིང་ཆེན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་ལམ་ཐག་སྤྱི་ལེ་ཁྲི་27.6ཟིན་པ་དང་། དེའི་ནང་རྫོང་དང་ཤང་གི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་6.6ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་གི་24%བཟུང་བ་དང་། གྲོང་གསེབ་ས་ཁུལ་ལ་འཕྲུལ་སྒུལ་འཁོར་རིགས་ཁྲི་942.5ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་35.6%བཟུང་ཡོད། གྲོང་གསེབ་ས་ཁུལ་དུ་ཤོང་ཚད་ལས་བརྒལ་བ་དང་། མྱུར་ཚད་ལས་བརྒལ་བ་དང་། ཁྲིམས་འགལ་ངང་མི་བླུགས་པ། ཆང་བཏུང་འཁོར་གཏོང་སོགས་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་ཐོན་མང་བ་མ་ཟད། ད་དུང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་ཆ་མི་ཚང་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་པས་གྲོང་གསེབ་ས་ཁུལ་གྱི་མང་ཚོགས་འགྲོ་སྐྱོད་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།