འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་16ཉིན།

༄༅༎ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་མ་འཇོག་དང་ཁས་ལེན་ལ་དོན་སྙིང་གལ་ཆེན་ལྡན་པ།

——རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོས་འགྲེམས་སྤེལ་བྱས་པའི《ཀྲུང་གོའི་ཉིང་རྡུལ་བདེ་འཇགས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ལ་གདེང་འཇོག་གང་ལེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་16ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་ཉིན་ཤས་གོང་འགྲེམས་སྤེལ་བྱས་པའི《ཀྲུང་གོའི་ཉིང་རྡུལ་བདེ་འཇགས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོའི་ཉིང་རྡུལ་བདེ་འཇགས་བྱ་གཞག་གི་འཕེལ་རིམ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ཀྱི་གཞི་རྩའི་རྩ་དོན་དང་སྲིད་ཇུས་ཀྱི་འདོད་ཚུལ་ཞིབ་པར་བཤད་པ། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འདུ་ཤེས་དང་ལག་ལེན་མཉམ་སྤྱོད་བྱས་པ། ཀྲུང་གོས་གོ་ལ་ཧྲིལ་པོའི་ཉིང་རྡུལ་བདེ་འཇགས་བཅོས་སྒྲིག་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་བྱ་སྤྱོད་གསལ་བཤད་བྱས་པ་བཅས་ལས་འདི་ནི་ཀྲུང་གོ་སྲིད་གཞུང་གིས་འགྲེམས་སྤེལ་བྱས་པའི་ཉིང་རྡུལ་བདེ་འཇགས་ཀྱི་རྒྱབ་ཤ་དཀར་པོའི་དེབ་དང་པོ་དེ་རེད།
     རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་རྗེས། རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཉིང་རྡུལ་བདེ་འཇགས་ཐད་ཀྱི་ཀྲུང་གོའི་མ་འཇོག་དང་ཁས་ལེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་དེས་ཀྲུང་གོས་རང་བཙན་དང་སྒོ་དབྱེའི་བདེ་འཇགས་ཀྱི་ཁྲིམས་སྲོལ་མ་ལག་ཅིག་བསྐྲུན་རྒྱུར་གཞོལ་བཞིན་ཡོད་པ་མཚོན་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐད་ནས་འཛམ་གླིང་ཐོག་གི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་གཏོང་མཁན་རྒྱལ་ཁབ་གཞན་དག་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
     དབྱིན་ཇིའི་པུའོ་མིན་ཧན་ནུས་རྒྱུ་ཞིབ་འཇུག་ཁང་གི་ཡོན་ཀྲང་མ་ཏིང་·ཧྥེ་ལིར་གྱིས། ཉིང་རྡུལ་བདེ་འཇགས་ཐད་ཀྱི་ཀྲུང་གོའི་ཁས་ལེན་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཀྲུང་གོས་འབྲེལ་ཡོད་ཐད་མ་འཇོག་མང་པོ་བྱས་ནས་ཉིང་རྡུལ་གློག་ཁང་འཛུགས་སྐྲུན་གྱི་བདེ་འཇགས་འགན་ལེན་བྱས་ཡོད། མིག་སྔར་ཀྲུང་གོའི་ལག་རྩལ་གསར་སྤེལ་དང་ཉིང་རྡུལ་འབུད་རྫས་འཁོར་རྒྱུག་སོགས་ཐད་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དུས་མཚུངས་ཀྲུང་གོའི་ལྟ་སྐུལ་དོ་དམ་སྒྲིག་གཞིས་སྒོ་དབྱེའི་མཐོང་རྒྱ་དང་ཉིང་རྡུལ་བདེ་འཇགས་ཐད་འཛིན་པའི་སྒོ་དབྱེའི་རྣམ་འགྱུར་གྱིས་ལོ་མང་གསོག་འཇོག་བྱས་པའི་ཉིང་རྡུལ་བདེ་འཇགས་ཀྱི་ལག་ལེན་གྱི་ཉམས་མྱོང་ལེགས་ཤོས་དེ་མཉམ་སྤྱོད་ཐུབ་རེ་ཡོད་ལ་རྒྱལ་སྤྱིའི་ཁྲོམ་རས་ཀྲུང་གོར་ཡིད་ཆེས་བྱེད་ཚད་ཀྱང་ཆེ་རུ་འགྲོ་སྲིད་ཅེས་བརྗོད།
     དབྱི་སི་རལ་གྱི་ཤིས་པོ་ལའེ་སློབ་ཆེན་གྱི་ཆབ་སྲིད་ཚན་རིག་ཚན་ཁག་གི་ཞིབ་འཇུག་པ་གཡོད་ན་ཐན་·ཧྥེ་ལི་མན་གྱིས་ཀྲུང་གོ་སྲིད་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཐད་ཀྱི་བསྲུང་བྱའི་རྩ་དོན་དང་སྲིད་ཇུས་དེ་བཞིན་འབྱུང་འགྱུར་ལ་ཁ་ཕྱོགས་པའི་བྱ་སྤྱོད་འཆར་གཞི་བཏོན་ཡོད་པ་དེ་ཐོག་ནས་ཉེ་བའི་ལོ་ཤས་རིང་ཀྲུང་གོར་ཉིང་རྡུལ་བདེ་འཇགས་ཐད་ཐོབ་པའི་ཡར་རྒྱས་མངོན་ཡོད་ཅེས་བརྗོད།
     ཧྥེ་ལི་མན་གྱིས་དེང་གི་འཛམ་གླིང་གིས་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་རྒྱལ་སྤྱིའི་ཆ་ཚང་ཚང་ལ་སྔོན་ཐོན་གྱི་མཉམ་ལས་དང་གསོ་སྦྱོང་སྔར་བས་མང་བ་དང་། རྒྱལ་ཁབ་ཁག་དབར་ཕན་ཚུན་ལས་འཛོལ་སྔོན་འགོག་དང་དེར་ཁ་གཏད་འཇལ་བའི་ཉམས་མྱོང་སྤེལ་རེས་བྱེད་དགོས། དེའི་ཐད་རྒྱབ་ཤ་དཀར་པོའི་དེབ་ཀྱིས་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།
     ཨུ་རུ་སུའི་ནུས་རྒྱུ་དང་བདེ་འཇགས་ལྟེ་གནས་ཀྱི་ཀྲུའུ་རེན་ཨན་ཏུང·ཧེ་ལོ་ཕུའུ་ཁེ་ཧྥུའུ་ཡིས། གོ་ལ་ཧྲིལ་པོའི་ཉིང་རྡུལ་གློག་གི་ཁྲོམ་རར་ཀྲུང་གོའི་སྤྱོད་ཚུལ་ཧུར་པོ་ཡོད་པར་བརྟེན་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་བདེ་འཇགས་ཚད་གཞི་གཞིར་བཟུང་ཉིང་རྡུལ་བདེ་འཇགས་སྔར་བས་ལེགས་སུ་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།
     ཧིན་རྡུའི་རྒྱལ་སྲུང་ཞིབ་འཇུག་དང་དབྱེ་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལཱ་ཅི་ཕུའུ·ནཱ་དབྱང་གིས་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོར་ཆ་ཚང་ལ་སྔོན་ཐོན་གྱི་འབྲེལ་ཡོད་བདེ་འཇགས་ཀྱི་ཁྲིམས་སྲོལ་དང་མ་ལག་ཡོད་ལ་ཉིང་རྡུལ་ནུས་པ་བདེ་འཇགས་ལྡན་པའི་ངང་སྤྱོད་ཐུབ་པའི་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད།