འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅༎ཧུའུ་ཁྲུན་ཧྭ་2019ལོའི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་
བཞེད་དོན་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། 2019ལོའི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ཚེས་10ཉིན་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཏམ་བཤད་ཀྱང་གནང་བ་རེད།
     ཧུའུ་ཁྲུན་ཧྭ་ཡིས་འདི་ལོའི་ཟླ་4པར་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་འདི་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་ལྟེ་བའི་ཁུལ་དང་དཔེ་སྟོན་ཁུལ་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་དུ་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་ཐོག་གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་དང་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་ཚོང་དོན་མཉམ་ལས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་དང་ཚོང་དོན་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་། མ་འཇོག་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་ཏུ་དང་ཕྱོགས་གཉིས་པོའི་མ་འཇོག་ལ་སྐུལ་མ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ཆུ་ཚད་མཐོ་རུ་གཏོང་བ། གསར་གཏོད་ཁྱབ་ཁོངས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གཏོད་པ་བཅས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་དབར་གྱི་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཧུའུ་ཁྲུན་ཧྭ་ཡིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆར་འཁོར་རྒྱུག་བརྟན་པ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་ལ་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་སྒོ་དབྱེའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་ཡོད། སྔར་བས་སྒོ་དབྱེ་དང་དར་རྒྱས་ཀྱི་ཀྲུང་གོས་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་དང་ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཚོང་ལས་ཀྱི་གོ་སྐབས་དེ་བས་མང་བ་སྐྲུན་ཐུབ་ངེས་རེད། ཚང་མས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ཀྱི་ལས་སྟེགས་དེ་གང་ལེགས་སྤྱད་ནས་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་དང་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་མང་དུ་བཏང་ནས་སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།