འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།ས་མཐོའི་སློབ་ཁྲིད་སྟེགས་བུ་ནས་ཀྲུང་ཡོན་གྱི་བྱ་དགའ་ལེན་སའི་སྟེགས་བུའི་བར།

—— གངས་ལྗོངས་ས་མཐོའི་གཅེན་གཅུང་ཚོའི་འགྲན་རའི་ཐོག་གི་དགེ་རྒན་དུས་ཆེན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    “འདི་ནི་ངས་འགྲན་རའི་ཐོག་དགེ་རྒན་དུས་ཆེན་གཏོང་ཐེངས་དང་པོ་ཡིན”ཞེས་བོད་ཀྱི་འཐུས་མི་ཚོགས་པའི་མདའ་འཕེན་རུ་ཁག་གི་རུ་མི་ཚེ་དབང་ཆོས་སྒྲོན་གྱིས་བཤད་པ་དང་། ཁོང་ནི་སྤོ་བོ་རྫོང་ཆ་ཚང་སློབ་ཆུང་གི་ལུས་རྩལ་དགེ་རྒན་ཞིག་རེད།
    “དགེ་རྒན་དུས་ཆེན་སྤྲོ་པོ་དང་འགྲན་བསྡུར་བདེ་བླག་ཡོང་བ་ཤོག”ཅེས་ནང་མི་དང་ལས་རོགས་ཚོས་སྤྱི་ལེ་2000ལྷག་ཙམ་ཡོད་པའི་སྤོ་བོ་རྫོང་ནས་སྨོན་འདུན་ཞུ་བའི་ཁ་པར་སླེབས་པའི་སྐོར་གླེང་སྐབས། ཧོ་ནན་ཀྲེང་ཀྲོའུ་རུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་ཞུགས་པའི་ཚེ་དབང་ཆོས་སྒྲོན་གྱི་གདོང་ནས་འཛུམ་མདངས་འཕྱུར།
     ཚེས་9ཉིན། མདའ་འཕེན་འགྲན་བསྡུར་གྱི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་མཉམ་འདྲེས་ཚོགས་པའི་འགྲན་བསྡུར་གྱི་མཇུག་འབྲས་ཡོངས་བསྒྲགས་བྱས་རྗེས། ཚེ་དབང་ཆོས་སྒྲོན་དང་རུ་མི་ཚོར་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད། ཚེས་10ཡི་དགེ་རྒན་དུས་ཆེན་གྱི་ཉིན་མོར་ཁོང་གིས་ད་དུང་མི་སྒེར་གྱི་འགྲན་བསྡུར་ལ་ཞུགས་པ་རེད།
    2001ལོར། ལུས་རྩལ་སློབ་གྲྭའི་མདའ་འཕེན་ཆེད་ལས་ནས་ཐོན་རྗེས་ཚེ་དབང་ཆོས་སྒྲོན་གྱིས་སླར་ཡང་སློབ་གྲྭར་བསྐྱོད་པ་དང་། ལོ་གཉིས་ཀྱི་རྗེས་སུ། ཁོང་ཤང་ནས་རྫོང་གྲོང་དུ་ལས་སྒྱུར་བྱས་ཏེ་སྤོ་བོ་རྫོང་ཆ་ཚང་སློབ་ཆུང་གི་ལུས་རྩལ་དགེ་རྒན་བཞིའི་གྲས་སུ་གྱུར་ནས་ལས་ཀ་ལོ་16བྱས་ཡོད།
     1999ལོའི་སྐབས་དྲུག་པ་ནས་བརྩིས་ན། འདི་ནི་ཚེ་དབང་ཆོས་སྒྲོན་གྱིས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་མདའ་འཕེན་རྣམ་གྲངས་ནང་ཞུགས་ཐེངས་དྲུག་པ་རེད། ཁོང་ལས་ལོ་གཅིག་ཆེ་བའི་གྲོགས་མོ་བོད་རིགས་སྤུན་ཟླ་ལོ་ཧུང་དབྱིང་ནི་ཁོང་དང་སློབ་གྲྭ་དང་འཛིན་གྲྭ་གཅིག་ནས་ཐོན་ཞིང་། ཁོང་གཉིས་མཉམ་དུ་མི་རིགས་ལུས་རྩལ་འགྲན་ཚོགས་ལ་ཐེངས་དྲུག་ཞུགས་མྱོང་ཡོད་པ་རེད།
     ཁོང་དང་བསྡུར་ན་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པར་ལོ་18རིང་སློབ་ཁྲིད་ལས་ལ་ཞུགས་པའི་ལོ་ཧུང་དབྱིང་དེ་བས་ཁ་བཟོ་འཕེར་བ་ཞིག་ཡོད། ཁོང་གཉིས་གནས་སའི་སློབ་གྲྭའི་དབར་བར་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པས་རི་ལམ་ཀྱག་ཀྱོག་ཐོག་རླངས་འཁོར་ནང་ཆུ་ཚོད་5ཙམ་སྡོད་དགོས་པ་དང་བར་དུ་ས་བབ་སྨི་4720ཡོད་པའི་གསེར་སྐྱེམས་ལ་བརྒྱུད་དགོས་ཀྱི་ཡོད། འོན་ཀྱང་དེས“སློབ་གྲོགས་དང་། རུ་མི། དགེ་རྒན”སོགས་ཀྱི་གནས་བབ་མང་བའི་མཛའ་གྲོགས་ལ་ཤུགས་རྐྱེན་ཐེབས་མེད། ལྷག་པར་དུ་ལོ་བཞིར་སྐབས་རེ་འཚོགས་པའི་མི་རིགས་ལུས་རྩལ་འགྲན་ཚོགས་གཅེན་གཅུང་གཉིས་མཉམ་འཛོམས་དང་ཕན་ཚུན་གྲོས་བསྡུར་ཞིབ་འཇུག་བྱེད་པའི་གོ་སྐབས་བཟང་པོར་གྱུར་ཡོད་པ་རེད།
     འདི་ལོའི་ཟླ་9ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཐེངས་35པ་ཡིན། “དེ་སྔོན་དགེ་རྒན་དུས་ཆེན་གཏོང་སྐབས། སློབ་ཁྲིད་ཚོགས་ཆུང་ཁག་གིས་དངུལ་བསྡུས་ནས་མཉམ་དུ་ལྟོ་ཟ་བར་འགྲོ་གི་ཡོད། ད་ལྟ་དཔེ་བཟང་བ་བདམས་པ་དང་། བྱ་དགའ་སྤྲོད་པ། མཉམ་དུ་ཞབས་བྲོ་འཁྲབ་པ་སོགས་མཉམ་སྡེབ་ཀྱི་བྱེད་སྒོ་མང་དུ་སོང་ཡོད”ཅེས་ལོ་ཧུང་དབྱིང་གིས་བཤད་པ་དང་། སློབ་གྲྭའི་བྱེད་སྒོ་ཕུད། ཁོང་ལ་ཉིན་གཉིས་རིང་སློབ་མ་ཚོའི་སྨོན་འདུན་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད་པ་རེད།