འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།ནུབ་རྒྱུད་ཀྱི་ཞིང་ཆེན་མང་པོས་མཉམ་སྒུལ་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ཁོར་ཡུག་གི་འཕྲལ་སྒྲུབ་
ནུས་པ་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར། སི་ཁྲོན་གྱིས་ཡུན་ནན་དང་། ཀུའེ་ཀྲོའུ། ཀན་སུའུ། མཚོ་སྔོན། བོད་ལྗོངས། ཁྲུང་ཆིང་། ཧྲའན་ཤིས་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)7གྱི་སྣོད་བཅུད་ཁོར་ཡུག་སྡེ་ཚན་དང་ཁོར་ཡུག་གི་འཕྲལ་སྒྲུབ་མཉམ་སྒུལ་གྲོས་མཐུན་བཞག་ནས་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་མཉམ་འགོག་མཉམ་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
    “གཙང་པོ་རྒྱུག་ཁུལ་དང་དེ་བཞིན་རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་དེ་གྲོང་ཁྱེར་གཅིག་གམ་ཡང་ན་ཞིང་ཆེན་གཅིག་གིས་སྒྲུབ་ཐབས་བྲལ་བས་ས་ཁོངས་མཉམ་སྒུལ་གྱིས་བཅོས་སྐྱོང་བྱེད་དགོས། ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་ལའང་ཞིང་ཆེན་ཁག་གིས་ཕྱོགས་བསྡུས་འཕྲལ་སྒྲུབ་ཀྱི་མཐུན་སྦྱོར་ནུས་པ་ཆེ་རུ་གཏོང་དགོས”ཞེས་སི་ཁྲོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལི་གཡོད་ཏུང་གིས་བཤད་པ་རེད།
    ཀྲུང་གོའི་ལྷོ་ནུབ་ས་ཁུལ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་དང་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན། 
     དེའི་ཁོར་ཡུག་གི་བདེ་འཇགས་ས་ཁུལ་དེ་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། ད་དུང་འབྲི་ཆུའི་དབུས་སྨད་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་བདེ་འཇགས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ལི་གཡོད་ཏུང་གིས་ཉེ་བའི་ལོའི་ནང་སི་ཁྲོན་ས་ཁོངས་ཀྱི་ཅ་ལིང་ཅང་གཙང་པོ་སོགས་ས་ཁོངས་བརྒལ་བའི་གཙང་པོར་ས་ཁོངས་བརྒལ་བའི་སྦགས་བཙོག་དོན་རྐྱེན་ཐེངས་མང་ཐོན་ཡོད། དེར་བརྟེན་གཙང་པོའི་སྟོད་སྨད་རྒྱུད་ཀྱི་མཉམ་འགོག་མཉམ་སྡོམ་ལ་ཤུགས་སྣོན་རྒྱག་པའི་དགོས་པ་ཆེན་པོ་ཡོད་ཅེས་བཤད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་བདུན་པར་སི་ཁྲོན་ཞིང་ཆེན་གྱིས་ད་དུང་ཧྲའན་ཤིས་ཞིང་ཆེན་དང་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་མཉམ་འགོག་མཉམ་སྡོམ་གྱི་སྒྲོམ་གཞིའི་གྲོས་མཐུན་བཞག་ནས། ས་ཁོངས་ཀྱི་ཁོར་ཡུག་འཕྲལ་སྒྲུབ་དོ་དམ་མཉམ་ལས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལི་གཡོད་ཏུང་གིས་གོམ་སྟབས་རྗེས་མར། ཞིང་ཆེན་ཁག་དབར་གྱི་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་མཉམ་སྤྱོད་དང་། མཐུན་སྦྱོར་རོགས་རེས། ཁ་གཏད་གཅོག་པ་སོགས་ཀྱི་ལས་དོན་ཞིབ་ཚགས་སུ་གཏོང་དགོས་པ་དང་ཆབས་ཅིག མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་མཉམ་སྒུལ་ལམ་སྲོལ་གྱི་ནུས་པ་དངོས་འདོན་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།