འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་11ཉིན།

༄༅༎ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེན་པོ་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་རྩེ་རིམ་ཇུས་འགོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཀོང་ཤིས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་14ཚང་མ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་འཛུགས་སྐྲུན་ནང་ཞུགས་ཡོད། ཆ་འཕྲིན་གྲུ་ཁའི་འཛུགས་སྐྲུན་ལས་མགྱོགས་མྱུར་གོང་འཕེལ་འགྲོ་བའི་འཕེལ་ཕྱོགས་གསར་པ་མངོན་ཏེ། མཉམ་ལས་ཀྱི་གྲུ་ཁ་དང་གཉིས་ཁེའི་གྲུ་ཁའི་ལས་སྟེགས་ཀྱི་ནུས་པ་རིམ་གྱིས་མངོན་བཞིན་ཡོད།
     རང་སྐྱོང་ལྗོངས་གྲངས་གཞི་ཆེན་པོ་འཕེལ་རྒྱས་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཀྲོའུ་མིང་གིས་ངོ་སྤྲོད་བྱས་དོན། མིག་སྔར《ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(2019ལོ་ནས་2021ལོ་བར)》ཚུད་པའི“1+4”ཡི་ཡིག་ཆ་རབ་དང་རིམ་པ་གཅིག་མཇུག་གཉིས་མཐུད་ངང་བཏོན་པ་དང་། རང་སྐྱོང་ལྗོངས་དང་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་སྔ་རྗེས་སུ་བཙུགས་པ་རེད།
     དེ་དང་དུས་མཚུངས་ཆ་འཕྲིན་གྲུ་ཁའི་ལས་སྟེགས་ཀྱི་ནུས་པ་རིམ་གྱིས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཨ་ལི་པ་པ་དང་། ཅིང་ཏུང་། ཐེང་ཤུན། ཧྭ་ཝེ། ལང་ཁྲའོ་སོགས་དྲ་སྦྲེལ་སྣེ་འདྲེན་ཁེ་ལས་སྔ་རྗེས་སུ་བཅའ་སྡོད་བྱས་པ་རེད། འདི་ལོ་ཀོང་ཤིས་ཀྱིས་གཙོ་གནད་རྣམ་གྲངས་82བཀོད་སྒྲིག་བྱས་པ་དང་། ཀོང་ཤིས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་14ཚང་མར་རྣམ་གྲངས་ཁྱབ་ཡོད། གཞན་ཡང་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་ལས་སྒོའི་མཉམ་ལས་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མ་ལེ་ཞི་ཡ་དང་། འབར་མ། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་ཏུ་གཱ་མེད་པའི་འཕྲིན་གཏོང་རྣམ་གྲངས་གཉེར་བ་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་དང་གནས་སའི་སྤྱི་པའི་ཞབས་ཞུའི་ལས་སྟེགས(དུས་ཐེངས་དང་པོ)སྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་ལའང་དུས་མཚམས་རང་བཞིན་གྱི་འཕེལ་རིམ་ཐོན་ཡོད། ལག་རྩལ་གཞན་སྒྱུར་རོགས་ལས་དྲ་རྒྱའི་ཁོངས་མིའི་ཁེ་ལས་2000ལས་བརྒལ་ཡོད།
     ཀྲོའུ་མིང་གིས། ཀོང་ཤིས་ཀྱིས་ཁག་དང་པོའི་གཙོ་གནད་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ནས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ། དེ་བས་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་ཕྱོགས་ཁག་གི་ཤེས་ལྡན་པ་གཅིག་སྡུད་ཡོང་བ་བྱེད་པ་དང་། གྲངས་གཞིའི་སྲིད་གཞུང་དང་། གྲངས་གཞིའི་དཔལ་འབྱོར། གྲངས་གཞིའི་སྤྱི་ཚོགས། གྲངས་གཞིའི་སྒྲིག་ཆས་བཅས་དང་དེ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་འཛུགས་སྐྲུན་གཙོ་གནད་དུ་བྱས་ནས། དྲ་སྦྲེལ་དང་། གྲངས་གཞི་ཆེན་པོ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་དང་། དངོས་ཚན་དཔལ་འབྱོར་དང་། སྲིད་གཞུང་དོ་དམ། སྤྱི་ཚོགས་བཅོས་སྐྱོང་། དམངས་འཚོའི་ཞབས་ཞུ། སྒོ་དབྱེ་མཉམ་ལས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ཏེ་གྲངས་གཞིའི་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་ཡོང་བ་བྱེད་དགོས་ཞེས་བརྗོད།