འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་11ཉིན།

༄༅༎RCEPཔུའུ་ཀྲང་རིམ་པའི་ཚོགས་འདུས་ལོ་འདིའི་ནང་གྲོས་མོལ་མཇུག་སྒྲིལ་རྒྱུ་བརྩོན་ལེན་བྱ་རྒྱུའི་ནན་བཤད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་8ཉིན། དུས་ཡུན་ཉིན་གཉིས་ཀྱི་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་ཡིག(RCEP)པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་7པ་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་གྲོལ་ཞིང་། ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལྟར་ལོ་འདིའི་ནང་RCEPགྲོས་མོལ་མཇུག་སྒྲིལ་རྒྱུ་བརྩོན་ལེན་བྱ་རྒྱུའི་ནན་བཤད་བྱས་པ་རེད།
     ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་10དང་ཀྲུང་གོ་དང་། ཨོ་སི་ཁྲུ་ལི་ཡ། རྒྱ་གར། རི་པིན། ཧན་གོ ནེའུ་ཙི་ལན་བཅས་ཕྱོགས་16གི་དཔལ་འབྱོར་ཚོང་དོན་པུའུ་ཀྲང་ངམ་ཡང་ན་འཐུས་མི་ཚོགས་འདུར་ཞུགས་ཤིང་། ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཚོང་ལས་པུའུ་ཀྲང་གཅིག་ལྕོགས་ཀྲུའུ་ལིན་གྱིས་ཚོགས་འདུའི་ཀྲུའུ་ཞིའི་འགན་བཞེས་པ་རེད། ཚོགས་འདུ་གྲོལ་རྗེས་སྤེལ་བའི《མཉམ་འབྲེལ་གསར་འགྱུར་གསལ་བསྒྲགས》ནང་མིག་སྔའི་གོ་ལ་ཧྲིལ་པོའི་ཚོང་དོན་དང་མ་འཇོག་ལ་གཏན་འཁེལ་མེད་པའི་རྣམ་པས་ཁེངས་པའི་རྒྱབ་ལྗོངས་འོག་RCEPགྲོས་མོལ་ལེགས་སྒྲུབ་ཡོང་བའི་ཁ་ཚ་དགོས་གཏུག་གི་རང་བཞིན་ཆེ་རུ་སོང་ཡོད་ཅེས་འཁོད་ཡོད།
     《མཉམ་འབྲེལ་གསར་འགྱུར་གསལ་བསྒྲགས》ནང་མིག་སྔའི་གོ་ལ་ཧྲིལ་པོའི་ཚོང་དོན་ཁོར་ཡུག་གིས་གྲོས་མོལ་བྱེད་མཁན་ཕྱོགས་འགའ་ཞིག་གི་གྲོས་མོལ་རྣམ་འགྱུར་ལ་ཤུགས་རྐྱེན་ཐེབས་སྲིད་པས་པུའུ་ཀྲང་ཚོས་ཕྱོགས་ཁག་གིས་ཕུགས་ལ་དམིགས་དགོས་པའི་འབོད་སྐུལ་མགྲིན་གཅིག་ཏུ་བྱས་ཡོད། དེའི་རྒྱུ་མཚན་ནི་RCEPལ་གྲོས་མཐུན་གཅིག་གྱུར་བྱུང་ཚེ་ཁྲོམ་ར་བརྟན་པོ་ཡོང་རྒྱུར་ཕན་ཐོགས་ཡོད་ལ། ས་ཁུལ་གྱི་ཚོང་དོན་དང་མ་འཇོག་ལའང་སྐུལ་མ་ཐེབས་རྒྱུ་ཡིན་པས་རེད། པུའུ་ཀྲང་ཚོས་ཕྱོགས་ཁག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོས་མོལ་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་མ་གཏོང་དགོས་ཞེས་འཁོད་ཡོད།
     ཚོགས་འདུ་གྲོལ་རྗེས་ཀྲུའུ་ལིན་གྱིས་མིག་སྔར་གྲོས་མོལ་བདེ་བླག་ངང་བྱེད་བཞིན་ཡོད་ལ། ལོ་འདིའི་ནང་མཇུག་བསྒྲིལ་ཏེ་འབྲེལ་ཡོད་གྲོས་མཐུན་མགྱོགས་ན་ཕྱི་ལོ་མིང་རྟགས་འགོད་ཐུབ་རེ་ཡོད་ཅེས་བརྗོད།