འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅༎2019ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་ཐེན་ཅིན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ནས་ཚེས་8ཉིན་བར། རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་པུའུ་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་2019ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་ཐེན་ཅིན་དུ་འཚོགས་པ་རེད། “རིག་གནས་དང་། ཡུལ་སྐོར། ཚན་རྩལ”བཅས་ཀྱི་གཞི་རྒྱུ་མང་པོ་བསྡུས་པའི་སྟོན་ཚོགས་དེས་ཕྱོགས་མང་པོའི་ཐོག་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱུང་ཚུལ་དང་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཡོད།
     “རིག་གནས་ཡུལ་སྐོར་མཉམ་དུ་འདྲེས་པར་སྐུལ། ཐོན་ལས་འཕེལ་རྒྱས་གྲུབ་འབྲས་གཅིག་ཏུ་བསྡུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་འདིའི་ཡུལ་སྐོར་དངོས་མང་སྟོན་ཚོགས་ཀྱིས་རྒྱལ་ནང་གི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་རྩེ་གྲ་འགྲེམ་ཁུལ་དང་། རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་རྩེ་གྲ་འགྲེམ་ཁུལ། ཡུལ་སྐོར་སྒྲིག་ཆས་སྣ་ཚོགས་འགྲེམ་ཁུལ་སོགས་བརྗོད་དོན་གཙོ་བོའི་འགྲེམ་ཁུལ་བདུན་བཙུགས་པར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5ལྷག་ཙམ་ཟིན་ཞིང་། དེས་རྒྱལ་ནང་གི་ཞིང་ཆེན་དང་། ཆུས། རྫོང་བཅས་28ཀྱི་རིག་གནས་དང་ཡུལ་སྐོར་ཁེ་ལས་སྟོང་ལ་ཉེ་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་འཕྲོག་ཡོད།
     ཆ་སྒྲིག་བྱེད་སྒོའི་ཐད་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ཀྱིས་རིག་གནས་ཡུལ་སྐོར་དང་འབྲེལ་བའི“ཚོགས་འདུ་དང་། གླེང་སྟེགས། འགྲན་བསྡུར་འཁྲབ་སྟོན་སོགས”བྱེད་སྒོ་25བཀོད་སྒྲིག་བྱས་ཏེ། འགྲེམ་སྟོན་ཚོང་པ་དང་ཚོགས་ཞུགས་ལྟད་མོ་བར་རྣམ་པ་འདྲ་མིན་གྱི་འགྲེམ་ཞུགས་ཀྱི་མྱོང་ཚོར་དང་ཐོན་ལས་མཉམ་འགུལ་བྱུང་བ་དང་སྦྲགས། འགྲེམ་སྟོན་ཁུལ་རེས་ཆེད་ལས་ཀྱི་གླེང་སྟེགས་གཅིག་གམ་ཡང་ན་བྱེད་སྒོ་གཅིག་གི་དགོས་མཁོ་སྐོང་བའི་རྣམ་པ་ཞིག་རྩ་བའི་ཆ་ནས་གྲུབ་སྟེ། ཡུལ་སྐོར་ལས་རིགས་སུ་ཞུགས་མཁན་ལ་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ཤེས་རྟོགས་དང་། མིག་སྔའི་སྲིད་ཇུས་ལ་འགྲེལ་བཤད་རྒྱག་པ། ཐོན་ལས་འཕེལ་ཕྱོགས་ཁོང་དུ་ཆུད་པ་བཅས་ཀྱི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད།
     ཚེས་8ཉིན་གྱི་ཕྱི་དྲོར། 2019ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་ཐེན་ཅིན་གྱི་མེ་ཅང་ཚོགས་འགྲེམ་ལྟེ་གནས་སུ་མཇུག་འགྲིལ་ཞིང་། སྟོན་ཚོགས་རིང་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་མང་པོ་བཞག་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཕྱོགས་བསྡུས་རྣམ་པའི་ཡུལ་སྐོར་ཐོན་ལས་ཀྱི་འགྲེམ་ཚོགས་ཤིག་ཡིན་པའི་ཡུལ་སྐོར་དངོས་མང་སྟོན་ཚོགས་དེ་ཐེན་ཅིན་དུ་སྐབས་བཅུ་བསྟུད་མར་འཚོགས་ཡོད་པ་རེད།