འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅།།ནུས་ཤུགས་ཡོད་རྒུས་འགག་བཙན་ཤོས་གཏོར།

—— ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2018ལོའི་ལོ་མཇུག་བར། ཡུན་ནན་ཞིང་ཆེན་གྱི་ལམ་ལུགས་ཐད་བསྒྱུར་མི་རིགས་11དང་མི་འབོར་ཅུང་ཉུང་བའི་མི་རིགས་ལ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་75.17ཡོད་པ་ནས་མི་ཁྲི་52.73དབུལ་སྒྲོལ་བྱུང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་པ་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་ཁྲི་9899ནས་2018ལོའི་ལོ་མཇུག་གི་ཁྲི་1660བར་ཉུང་དུ་ཕྱིན་པ་དང་། དེའི་ནང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་935ཟིན་ནས་2012ལོའི་ལོ་མཇུག་ལས་ཁྲི་4132ཉུང་དུ་ཕྱིན་པ། ལོ་6གི་རིང་རིམ་རྩིས་བརྒྱབ་ན་81.5%ཉུང་དུ་སོང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་རྒྱུ་དང་ཐག་ཇེ་ཉེར་ཕྱིན་པ། ལྷག་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མི་འབོར་དབུལ་པོའི་འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་ཕྱིན་པ་དང་ས་ཁུལ་དབུལ་པོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད།
     མང་ཆེ་བ་ཡུན་ནན་ཀུང་ཧྲན་ཏུའུ་ལུང་ཅང་ཤང་དུ་འཚོ་བ་སྐྱེལ་བཞིན་པའི་ཏུའུ་ལུང་རིགས་ནི་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་སུའང་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་གནས་ཡོད། ལོ་75ལ་སླེབས་པའི་ལི་ཝུན་ཧྲི་ནི“ངོ་བཙགས་བརྒྱབ་པའི་བུད་མེད”ཐང་ཐང་མཇུག་ཤོས་20ཡི་གྲས་ཤིག་ཡིན་ཞིང་། དེ་སྔའི་མི་ཚེ་ཕྱེད་ཙམ་གོས་ཀྱིས་ལུས་པོ་མི་དྲོས་པ་དང་ལྟོས་གྲོད་པ་མི་འགྲང་བའི་འཚོ་བ་སྐྱོ་པོ་བསྐྱལ་བ་དང་། ད་ཆ་ཁོང་ཟས་སྡོད་ལ་སེམས་ཁྲལ་མེད་ལ་ཚེ་མཇུག་བག་ཡངས་ངང་འཚོ་བ་སྐྱེལ་བཞིན་ཡོད། “ད་ཆའི་འཚོ་བ་འདི་ལྟ་བུ་སྐྱེལ་རྒྱུ་ཡོང་གི་རེད་བསམ་མྱོང་མེད”ཅེས་ཁོང་གིས་བཤད། ན་ནིང་ལོ་མཇུག་ཏུ། ཏུའུ་ལུང་རིགས་ཚང་མ་དབུལ་པོའི་གནས་ལས་བསྒྲལ་ནས་ཏུའུ་ལུང་ཅང་ཤང་དུ“གོམ་པ་གང་གིས་ལོ་ངོ་སྟོང་མཆོང་སྐྱོད”ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་ཡོད།
    “ཏུའུ་ལུང་རིགས་སོགས་མཚོན་བྱེད་དུ་བྱས་པའི་གདོད་མའི་སྤྱི་ཚོགས་ནས་ཐད་ཀར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་མཆོང་སྐྱོད་བྱུང་བའི་མི་རིགས་ནི་ཡུན་ནན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་དཀའ་གནད་ནང་གི་དཀའ་གནད་རེད”ཅེས་ཡུན་ནན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་ཧོང་ཡུན་པོའོ་ཡིས་བཤད་ཅིང་། ཁོང་གིས་ལམ་ལུགས་ཐད་བསྒྱུར་མི་རིགས་དང་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ཡུན་ནན་ཞིང་ཆེན་གྱིས་ལམ་ལུགས་ཐད་བསྒྱུར་མི་རིགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་བཟོས་ཏེ་ནུས་པ་དང་བྱང་ཚད་མཐོར་གཏོང་དང་། ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས། བདེ་སྡོད་ལས་གྲྭ་སོགས་ཕྱོགས་དྲུག་གི་ཐད་ནས་ཤུགས་སྣོན་བརྒྱབ་ཡོད་ཅེས་བཤད།
     2018ལོའི་ལོ་མཇུག་བར། ཡུན་ནན་ཞིང་ཆེན་གྱི་ལམ་ལུགས་ཐད་བསྒྱུར་མི་རིགས་11དང་མི་འབོར་ཅུང་ཉུང་བའི་མི་རིགས་ལ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་75.17ཡོད་པ་ནས་མི་ཁྲི་52.73དབུལ་སྒྲོལ་བྱུང་ཞིང་། དེའི་ནང་ཏུའུ་ལུང་རིགས་དང་། ཏེ་ཨང་རིགས། ཅིས་ནུའོ་རིགས་བཅས་སྤྱི་ཡོངས་དབུལ་པོའི་གནས་ལས་བསྒྲལ་ཡོད།
     ཏུའུ་ལུང་རིགས་ཀྱི་འཕོ་འགྱུར་ཆེན་པོའི་རྒྱབ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་མྱུར་ཚད་མགྱོགས་ཤོས་ཀྱི་དབུལ་པོར་རྒོལ་བའི་འཐབ་རྩོད་ཅིག་རེད། ནང་སོག་དང་། ཀོང་ཤིས། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། མཚོ་སྔོན། ཉིང་ཞ། ཤིན་ཅང་བཅས་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་གྲོང་གསེབ་མི་འབོར་དབུལ་པོ་ཁྲི་602ཟིན་པ་དེ་2012ལོའི་ལོ་མཇུག་ལས་མི་ཁྲི་2519ཉུང་དུ་སོང་ནས་ལོ་དྲུག་ནང་རིམ་རྩིས་བརྒྱབ་ན་80.7%ཉུང་དུ་ཕྱིན་ཡོད་པ་རེད།
    ལུའེ་ཡིའུ་རུང་གི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ལྔ་བཅུ་གྲོང་རྡལ་བ་ཡན་གྲོང་ཚོར་གནས་ཤིང་། ལིའུ་ཕན་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་ཆགས་ཡོད། བ་ཡན་ནི་ཧོར་རིགས་ཀྱི་སྐད་ཆར“འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་ས་ཆའི”དོན་ཡིན། འོན་ཀྱང་2015ལོར་སླེབས་ཀྱང་གྲོང་ཚོ་འདིའི“ནའོ་ཧྲན”ས་ཁུལ་དུ་གནས་པའི་རུ་ཁག་5པ་དང་6པའི་དུད་ཁྱིམ་129ཡི་ཁྲོད་དུ་73ནི་སྔར་བཞིན་དུད་ཚང་དབུལ་པོ་ཡིན་པས“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”ས་ཆ་དཔེ་མཚོན་ཞིག་རེད།
     2016ལོའི་ལོ་མཇུག་ཏུ། རུ་ཁག་དེ་གཉིས་ཧྲིལ་པོ་རི་གཤམ་གྱི་བ་ཡན་གྲོང་གསར་དུ་སྤོས། “ང་ཚོ་གྲོང་ཁྱེར་བ་དང་འཚོ་བ་གཅིག་པ་སྐྱེལ་རྒྱུ་ཡོང་སྙམ་བསམ་བློར་འཁོར་མ་མྱོང”ཞེས་ལུའེ་ཡིའུ་རུང་གིས་བཤད་ཅིང་། ཁོང་རྟག་ཏུ་རི་རྩེར་ལངས་ཏེ་གྲོང་གསར་ལ་ཐུར་ལྟ་བྱེད་བཞིན་རྨི་ལམ་རྨིས་པ་ལྟ་བུའི་སྣང་བ་ཞིག་ཡོང་གི་ཡོད།
    “སྤོ་ཐུབ་པས་མ་ཚད་ད་དུང་གཞིས་ཆགས་ཐུབ་པ་དགོས་ན་མང་ཚོགས་དབུལ་པོའི་འབབ་འཕར་གྱི་ཐབས་ལམ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཀྱི་ཡོད”རི་གཤམ་དུ་སྤོས་རྗེས་རིམ་ཁག་སྲིད་གཞུང་སྡེ་ཚན་དང་། གྲོང་སྡོད་ལས་དོན་རུ་ཁག རོགས་སྐྱོར་ཁེ་ལས་བཅས་ཀྱིས་ལས་ཀའི་གཙོ་གནད་དེ་ཐོན་ལས་དར་རྒྱས་དང་ཕྱུག་འགྱུར་ཐབས་ལམ་ཡངས་སུ་གཏོང་བའི་ཐད་བཞག་སྟེ་བ་ཡན་གྲོང་གསར་ལ་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་དང་། མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་སོགས་གཙོ་བོར་བྱས་པའི་སྣ་མང་གི་འབབ་འཕར་ཐབས་ལམ་ཞིག་རགས་ཙམ་ཆགས་རྒྱུར་རོགས་རམ་བྱས་ཡོད། 2018ལོའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9791ཟིན་ནས་དབུལ་པོའི་གནས་ལས་སྒྲོལ་རྒྱུར་འགོག་རྐྱེན་བཟོ་བའི་ཕྱིར་སྐྱོད་དཀའ་བ་དང་། འཐུང་ཆུ་དཀོན་པ། ནད་ལྟ་དཀའ་བ། སློབ་གྲྭ་འགྲིམ་དཀའ་བ། གླ་པར་སྐྱོད་དཀའ་བ། བག་མ་བསུ་དཀའ་བ་བཅས་ཀྱི་གནད་དོན་རྦད་དེ་བསལ་ཡོད་ཅེས་བ་ཡན་གྲོང་ཚོའི་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་ཡོན་ཀོང་ཕིང་གིས་ངོ་སྤྲོད་བྱས་པ་རེད།
     རླབས་ཆེའི་ངོ་མཚར། ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད།
གནད་སྨིན་ཇུས་འདོན་གྱིས་སྡོད་ཁང་སྐྱོ་པོ་ནས་སྤོས། དམིགས་བསལ་བྱ་ཐབས་ཀྱིས་ཐོན་ལས་སྐྱོ་པོ་བརྗེས།
    བ་ཡན་གྱི་འཕོ་འགྱུར་ནི་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ལས་དབུལ་སྒྲོལ་ལ་རམ་འདེགས་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བསྡུས་རིས་ཙམ་རེད།
     —— མཚོ་སྔོན་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན་མི་འབོར་དབུལ་པོ་ཁྲི་12ཡུལ་གཞན་དུ་གནས་སྤོ་བྱས་ཡོད་པ་རེད།
     —— ཀན་སུའུ་ཞིང་ཆེན་དུ་2016ལོ་ནས་ད་བར། མི་ཁྲི་48.73གནས་སྤོས་ཡོད།
     —— རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་གཞིར་བཅུག་པའི་ཡུན་ནན་ཞིང་ཆེན་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་65ཚང་མ་སྡོད་ཁང་གསར་པར་སྤོས་ཟིན་ཡོད།
     —— 2018ལོའི་ལོ་མཇུག་བར་ཤིན་ཅང་དུ། མང་ཚོགས་དབུལ་པོ་ཁྲི་14ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་སྲིད་ཇུས་བརྒྱུད་དབུལ་པོའི་རྩ་བ་དྲུང་ནས་འབྱིན་པ་དང་། ད་ལོ་ད་དུང་དུད་ཚང་དབུལ་པོའི་མི་ཁྲི་2.1ཡུལ་གཞན་དུ་བཀོད་སྒྲིག་བྱ་རྒྱུ་མ་ཟད། མུ་མཐུད་དབུལ་སྐྱོར་ཐོན་ལས་གོང་འཕེལ་གྱིས་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད།
     རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཕལ་ཆེ་བའི་མང་ཚོགས་དབུལ་པོ་རྦད་དེ་དབུལ་པོའི་གནས་ལས་བསྒྲལ་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།
    《རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་གནས་སྤོའི་འཆར་འགོད》ལྟར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཡོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་1000ཙམ་གནས་སྤོ་བྱ་རྒྱུ་རེད། 2018ལོའི་ལོ་མཇུག་བར་མི་འབོར་དབུལ་པོ་ཁྲི་870ཡི་གནས་སྤོའི་ལས་འགན་གྲུབ་པ་དང་། 2019ལོའི་ལོ་མཇུག་བར་འཆར་གཞི་ལྟར་དབུལ་པོ་ལྷག་མ་རྣམས་གནས་སྤོ་ཡོངས་སུ་བྱ་རྒྱུ་རེད།
རྣམ་པར་མ་རྒྱལ་བར་དམག་དཔུང་ཕྱིར་འཐེན་མི་བྱེད།
     ད་ལོའི་ཟླ་5པའི་ཟླ་དཀྱིལ་བར། རྒྱལ་ཡོངས་སུ་རྫོང་དབུལ་པོ་ཁྱོན་436དབུལ་ཞྭ་འཕུད་ཐུབ་པ་བྱུང་བ་དེས་རྫོང་དབུལ་པོ་ཡོངས་ཀྱི་52.4%བཟུང་ཡོད། དབུལ་ཞྭ་འཕུད་རྗེས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་ཇི་ལྟར་བཏང་ནས་ཤིན་ཏུ་དབུལ་བའི་ས་ཁུལ་སྔར་བས་མང་བ་དབུལ་སྒྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱེད་སམ་ཞེ་ན། གསར་འགོད་པས་ན་ནིང་དབུལ་ཞྭ་འཕུད་པའི་ཧོ་ནན་ཞིང་ཆེན་ནེ་ཞང་རྫོང་དུ་བརྟག་ཞིབ་བྱས་ནས་དྲིས་ལན་རྟོགས་བྱུང་།
     དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན། ནེ་ཞང་རྫོང་དང་མུའུ་ཡོན་ཚོགས་པས་མཉམ་དུ“སྲིད་གཞུང་དང་། དངུལ་ཁང་། སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། དུད་ཁྱིམ་དབུལ་པོ་བཅས་ཟུང་དུ་འབྲེལ་བའི” “5+”རྒྱུ་ནོར་ཡོང་འབབ་ཀྱི་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱས་ཤིང་། 2016ལོ་ནས་བཟུང་དུད་ཁྱིམ་ཁྲི་13གྱི་མི་འབོར་དབུལ་པོ་ཁྲི་36དབུལ་ཕོངས་ལས་སྒྲོལ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
     “སྔོན་ཆད་ང་ཚོས་དབུལ་སྐྱོར་རྣམ་པ་གསར་གཏོད་ཀྱིས་དུད་ཁྱིམ་དབུལ་པོ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་ཡིན། སླད་ཕྱིན་ང་ཚོས་མཉམ་ལས་ཁང་གཉེར་ནས‘གྲོང་ཚོ་སྐྱོ་པོར’གསོན་ཤུགས་བསྣན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན། གྲོང་ཚོར་མཉམ་སྡེབ་ཡོང་འབབ་ཡོད་ན་གཞི་ནས་ཐོན་ལས་སྐྱེད་སྲིང་བྱེད་ཐུབ། ‘ནམ་ཡང་ཕྱིར་མི་ལོག་པའི་དབུལ་སྐྱོར་ལས་དོན་རུ་ཁག་ཅིག’བཙུགས་ཏེ་དབུལ་ཞྭ་འཕུད་ནས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཡོང་ཐུབ”ཅེས་ནེ་ཞང་རྫོང་གི་རྫོང་དཔོན་དབྱང་ཧྲུའུ་ཀོང་གིས་བརྗོད།