འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅༎ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཀྱིས་ཨེ་ཅིབ་ཀྱི་ན་གཞོན་ཚོ་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     སྔ་དྲོའི་ཆུ་ཚོད་11པར། ཨེ་ཅིབ་ཀྱི་པེ་ཉི་སུའུ་ཝུའེ་ཕུའུ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཁང་ཧའོ་ཚན་རྩལ་ཀུང་སིའི་བཟོ་གྲྭའི་ནང་ལས་བྲེལ་ཆེ་བའི་རྣམ་པ་ཞིག་མངོན་གྱི་འདུག གདན་ཞུའི་ལས་ཀའི་འགན་ཁུར་མཁན་ཁ་ལི་ཧྥ·ས་ལ་མས་གཞུང་ལས་ཁང་གི་གཞོགས་གཅིག་གི་སྒྲོག་ཙེའི་ཐོག་གི་ལོ་རྒྱུས་མདོར་བསྡུས་བཅུ་ལྷག་ཙམ་ཡོད་པ་དེ་དག་ལ་བལྟ་ཞོར་དུ་གདན་ཞུའི་ནང་ཞུགས་པའི་ན་གཞོན་ཚོས་རང་ཉིད་ངོ་སྤྲོད་བྱེད་པ་ཉན་བཞིན་འདུག
     དེ་ནི་ས་ལ་མས་ཉིན་དེར་གདན་ཞུའི་ནང་ཞུགས་མཁན་ལ་ངོ་འཕྲད་རྒྱུགས་ལེན་བྱེད་ཐེངས་གཉིས་པ་དེ་ཡིན་པ་རེད། ས་ལ་མ་ཡིས་ཀུང་སི་འདི་ཉིད་པེ་ཉི་སུའུ་ཝུའེ་ཕུའུ་ས་ཁུལ་དུ་སྐད་གྲགས་ཆོད་ཚད་ཇེ་ཆེར་འགྲོ་བ་དང་བསྟུན་ནས་གདན་ཞུའི་ནང་ཞུགས་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། མང་ཆེ་བ་དགའ་ཉེ་སྤུན་མཆེད་ཀྱིས་ངོ་སྤྲོད་བྱས་པ་ཤ་སྟག་རེད་ཅེས་ངོ་སྤྲོད་བྱས།
     འདི་ལོ་ལོ་22ལ་སླེབས་པའི་མུའུ་ཧན་མོ་ཏེ·ཨ་པུའུ་ཏུའུ་ལེ·ཅ་ཧྥར་ན་ནིང་པེ་ཉི་སུའུ་ཝུའེ་ཕུའུ་ཡི་མཐོ་སློབ་ཅིག་ནས་ཐོན་པ་དང་དེ་སྔོན་ས་ཁང་བདག་ཁོངས་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། ཁང་ཧའོ་ཚན་རྩལ་འཁོར་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པའི་སྤུན་མཆེད་ཅིག་གིས་ངོ་སྤྲོད་བྱས་པ་བརྒྱུད་གདན་ཞུའི་ནང་ཞུགས་པ་ཞིག་རེད།
     ཅ་ཧྥར་གྱིས“འདི་གར་ལས་མི་དང་གན་རྒྱ་འཇོག་གི་ཡོད་པ་མ་ཟད། ད་དུང་ལག་བསྟར་ནན་པོ་བྱེད་པ་དང་། གླ་ཕོགས་འགྱངས་ཆད་བྱེད་ཀྱི་མེད་ལ། ལས་ཀའི་ཆ་རྐྱེན་དང་ཐོབ་ཐང་ཡག་པོ་ཡོད་པ་མ་ཟད། ལྷག་པར་དུ་གསོ་སྦྱོང་ཡག་པོ་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བས་ལྟ་ཚོད་བྱེད་པར་ཡོང་བ་ཡིན”ཞེས་བཤད།
     ས་ལ་མ་ཡིས“མིག་སྔར་ཁང་ཧའོ་ཚན་རྩལ་གྱི་པེ་ཉི་སུའུ་ཝུའེ་ཕུའུ་ཡི་བཟོ་གྲྭའི་ནང་ཨེ་ཅིབ་ཀྱི་ལས་མི་600ཙམ་ཡོད་པ་མང་ཆེ་བ་པེ་ཉི་སུའུ་ཝུའེ་ཕུའུ་ཡི་མི་གཙོ་བོ་ཡིན་པ་རེད། སྡེ་ཚན་ཁག་དང་ཐོན་སྐྱེད་འཁོར་ཁང་གི་འགན་ཁུར་བ་ཚང་མ་ས་ཆ་དེ་རང་གི་མི་རེད”ཅེས་བཤད།
     ས་ལ་མ་ཡིས“ལས་མི་མང་ཆེ་བར་དེ་སྔ་ཉམས་མྱོང་མེད་པས་གསོ་སྦྱོང་ཐེངས་མང་བྱེད་དགོས་བྱུང་བ་དང་ལས་མི་ཁག་གཅིག་དེ་སྔ་ཀྲུང་གོར་གསོ་སྦྱོང་བྱེད་པར་སྐྱོད་མྱོང་ཡོད། ཀུང་སིས་ད་དུང་ཆེད་ལས་མི་སྣ་5གདན་ཞུ་བྱས་ཏེ་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་པ་དང་ནམ་རྒྱུན་དང་མི་འདྲ་བ་ཅུང་ཟད་བྱུང་ཚེ་ཐོན་སྐྱེད་སྒྲུབ་རིམ་ཚང་མ་ལས་མཚམས་བཞག་ནས་ལས་མིའི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།
     འདི་ལོ་ལོ་29ལ་སླེབས་པའི་ཨ་པུའུ་ཏུའུ་ལ·ཧའོ་སའེ་དབྱིན་HOHOཀུང་སིར་ལས་ཀ་ལོ་6བྱས་པས་ཀུང་སི་གོམ་པ་རེ་རེ་བཞིན་ད་བར་འཕེལ་རྒྱས་བྱུང་བའི་དཔང་པོ་བྱེད་ཐུབ། ཧའོ་སའེ་དབྱིན་གྱིས“ང་རང་ཀྲུང་གོ་བ་དང་མཉམ་དུ་ལས་ཀ་བྱེད་རྒྱུར་དགའ་པོ་ཡོད། དེ་ལས་རང་ཉིད་ལ་གཟབ་ནན་དང་། དུས་ཐོག རང་གཅུན་བཅས་ཀྱི་གོམས་གཤིས་འཇགས་ཐུབ་པ་བྱུང་། སློབ་གྲྭ་ཐོན་མ་ཐག་པའི་ན་གཞོན་ཚོས་འདི་ག་ནས་ལག་རྩལ་མང་པོ་སྦྱོང་ཐུབ”ཅེས་བཤད།
     ཁང་ཧའོ་ཚན་རྩལ་ཀུང་སིའི་ཁྲང་ཀྲང་གཞོན་པ་ཀྲང་ཁྲང་ཀུའེ་ཡིས་མིག་སྔར་ཀུང་སིས་གཤེར་ཤེལ་བརྙན་འཕྲིན་ལོར་ཐོན་སྐྱེད་བྱེད་ཚད་ཁྲི་60ཟིན་པ་དང་། ཆུ་དམ་ལོར་ཐོན་སྐྱེད་བྱེད་ཚད་ཁྲི་300ཟིན་པ། ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན་ཐོན་སྐྱེད་བྱེད་ཚད་ཁྲི་5000ཟིན་པ་བཅས་རེད། ཐོན་རྫས་ཀྱིས་HOHOསྤུས་རྟགས་གཙོ་བོར་བྱེད་པ་དང་ཐོན་ནུས་འབེལ་པོ་ཡོད་ཚེ་ཕྱི་ནས་མངགས་ཐོ་ཁག་གཅིག་ལེན་གྱི་ཡོད་པ་རེད།
     ཀྲང་ཁྲང་ཀུའེ་ཡིས“ང་ཚོས་ཨེ་ཅིབ་ཀྱི་ཁྲོམ་ར་ཤེས་རྟོགས་བྱས་པ་བརྒྱུད། མིག་སྔར་ཨེ་ཅིབ་འདི་ཉིད་བརྙན་འཕྲིན་རྙིང་པ་དང་གཤེར་ཤེལ་བརྙན་འཕྲིན་བརྗེ་རེས་བྱེད་པའི་དུས་མཚམས་སུ་སླེབས་ནས་བརྙན་འཕྲིན་གྱི་དགོས་མཁོ་ལོ་ལྟར་ཁྲི་800ཙམ་ཟིན་གྱི་ཡོད། མིག་སྔར་ཁང་ཅ་ཡིས་ཨེ་ཅིབ་ཀྱི་ཁྲོམ་ར་བཟུང་ཚད་10%ལས་ཟིན་གྱི་མེད་པས་ད་དུང་མཐོར་རུ་འགྲོ་བའི་བར་མཐོངས་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་བཤད།