འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅༎ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་གྲུབ་འབྲས་ཐོབ་པའི་སྒོ་ནས་བདེ་འཇགས་འགན་ལེན་གྱི་ནང་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་གློག་འཕྲིན་འབྱོར་གསལ། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཁག་18པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་གི་ཡན་ལག་རུ་ཁག་གིས་ཉེ་དུས་བདེ་འཇགས་འགན་ལེན་གྱི་ནང་སྦྱོང་བདེ་བླག་ངང་བྱས་པར་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་དཔོན་དམག་ཚོའི་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད།
     ལི་པ་ནོན་གྱི་འཇིག་རྟེན་བྱེད་པོ་ཏང་དང་དབྱི་སི་རལ་དམག་དཔུང་དབར་ཉེ་ཆར་ལི་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས“སྔོ་ཐིག”ཉེ་འགྲམ་དུ་དུས་ཐུང་གི་མེ་མདའ་རྒྱག་རེས་བྱས་པའི་གནས་ཚུལ་ལ་དམིགས་ནས་ད་ཐེངས་ཀྱི་ནང་སྦྱོང་ནང་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ལས་འགན་ཁུལ་དུ་གཞི་ཁྱོན་ཆེ་བའི་གདུང་ཐུག་ཐོན་པའི་གནས་ཚུལ་རྒྱབ་ལྗོངས་སུ་བྱས་ནས་གཙོ་གནད་ཐོག་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་རྒྱལ་སྤྱིའི་མི་སྣ་དང་དེ་བཞིན་ཁོ་ཚོའི་ནང་མི་སྲུང་སྐྱོབ་དང་སྐྱོབ་ཐབས་བྱེད་པ། གནས་སྤོ་བཀོད་སྒྲིག་བཅས་ཀྱི་བདེ་འཇགས་འགན་ལེན་གྱི་ནུས་པར་གཙོ་གནད་ཐོག་ཞིབ་བཤེར་བྱས་ཡོད།
     དེ་ཉིན་གྱི་ནང་སྦྱོང་དེ་ལི་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་སྒར་ས་དང་དེ་བཞིན་དེའི་ཉེ་འགྲམ་གྱི་གྲོང་ཚོར་མཇུག་སྒྲིལ་བ་རེད། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་མཉམ་འབྲེལ་དམག་འཐབ་ལྟེ་གནས་ཀྱི་ལས་འགན་བཀའ་རྒྱ་འབྱོར་རྗེས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་དུས་ཐོག་ཏུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་མི་སྣ་དང་ཁོ་ཚོའི་ནང་མི་ཛ་དྲག་ངང་ཁ་འགྲེམས་ནས་ཀྲུང་གོའི་སྒར་སར་ཉེན་ཡོལ་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།