འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎ཀན་སུའུ་ཡི་སྡེ་ཚན་བཅུ་གཉིས་ཀྱིས་མཉམ་དུ་སློབ་གྲྭའི“བདེ་འཇགས་རྩིག་པ”བརྟན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་དང་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་སོགས་སྡེ་ཚན་བཅུ་གཉིས་ཀྱིས། མཉམ་དུ་སློབ་གྲྭའི་བདེ་འཇགས་དོ་དམ་ལས་དོན་ལམ་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས། སློབ་གྲྭའི་བདེ་འཇགས་ལམ་ལུགས་མ་ལག་མཉམ་དུ་བཙུགས་ཏེ། སློབ་གྲྭའི“བདེ་འཇགས་རྩིག་པ”བརྟན་དུ་བཏང་བ་རེད།
     འདི་ལོའི་སྟོན་ཁའི་སློབ་འགོ་ཚུགས་རྗེས། ཀན་སུའུ་ཞིང་ཆེན་གྱིས་སློབ་མའི་བདེ་འཇགས་སློབ་གསོ་དང་སེམས་ཁམས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་མའི་བརྙས་བཅོས་དང་གཏུམ་སྤྱོད་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ། སློབ་གྲྭ་དང་དེ་བཞིན་སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་གསར་པ་བཏོན་པ་དཔེར་ན། སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་སྨན་ཁང་དང་སློབ་གྲྭའི་མཉམ་ལས་ལམ་སྲོལ་འཛུགས་དགོས་པ་དང་། སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་སློབ་གྲྭའི་ཉལ་ཁང་དང་། སློབ་གྲྭའི་རླངས་འཁོར། ཟ་ཁང་། འཕྲོད་བསྟེན། འཐུང་ཆུ་སོགས་ཀྱི་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས་པ་ལྟ་བུ་རེད།
     ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཀན་སུའུ་ཡིས་ད་དུང་སློབ་མའི་བདེ་འཇགས་སློབ་གསོའི་སློབ་ཁྲིད་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་ནས། སློབ་གྲྭའི་ཁྲིམས་ལུགས་ཀྱི་སློབ་སྤྱི་གཞོན་པས་སློབ་དུས་རེར་ཉུང་མཐར་ཡང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་སློབ་ཚན་10ཡན་ཁྲིད་རྒྱུ་དང་ཆབས་ཅིག ལོ་མཇུག་གོང་། སློབ་གྲྭ་ཆུང་འབྲིང་བཀག་སྡོམ་ཅན་གྱི་དོ་དམ་བྱེད་པ་དང་། གཅིག་གནོན་རྣམ་པའི་ཛ་དྲག་ཉེན་གཏོང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་དེ་སྤྱི་བདེ་ལས་ཁུངས་ཀྱི་དྲ་བར་སྦྲེལ་ཚད་དང་དེ་བཞིན་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་ཁག་ལ་ཆེད་ལས་བདེ་སྲུང་བ་བཀོད་སྒྲིག་བྱེད་ཚད་བཅས་100%ཟིན་རྒྱུའི་འགན་ལེན་བྱས་ནས། སློབ་གྲྭའི་བདེ་འཇགས་ཀྱི་སྲུང་སྐྱོང་དྲ་བ་ཞིག་འཛུགས་རྒྱུ་ཡིན་ཞེས་བརྗོད་པ་རེད།