འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎ཀྲུང་ཨུའི་སྨྱན་སྦྱོར་གྱི་མཉམ་ལས་སྤེལ་རེས་དུས་རབས་གསར་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉེ་ཆར། ཀྲུང་ཨུའི་སྨྱན་སྦྱོར་གླེང་སྟེགས་སྐབས་ལྔ་པ་ཨུ་རུ་སུའི་རྒྱང་ཤར་གྲོང་ཁྱེར་ཧྥུའུ་ལཱ་ཏི་ཨོ་སི་ཐོ་ཁེར་འཚོགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱིས“གྲངས་གཞིའི་དཔལ་འབྱོར་དུས་རབས་ཀྱི་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་སྨྱན་སྦྱོར་གྱི་འགན་འཁུར་བ་100ལྷག་ཙམ་ཞུགས་པ་རེད། ཀྲུང་ཨུའི་སྨྱན་སྦྱོར་མི་སྣས། མིག་སྔར་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་མཉམ་ལས་སྤེལ་རེས་དུས་རབས་གསར་པར་སླེབས་ཡོད་པས། ཁྱབ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་གི་དྲུང་ཆེ་དང་གཞུང་དོན་ཐིང་གི་ཀྲུའུ་རེན་གཅིག་ལྕོགས་ཀུང་ཤིས་ཞང་གིས། འདི་ལོའི་ཟླ་དྲུག་པར་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་ཐོག ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ“ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར”འཕེལ་རྒྱས་བཏང་སྟེ་མཉམ་དུ་ཀྲུང་ཨུའི་འབྲེལ་བ་དེ་བས་ཆུ་ཚད་མཐོ་བ་དང་དེ་བས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཞིག་འབྱེད་རྒྱུའི་གཏན་འཁེལ་གནང་བ་རེད། སྨྱན་སྦྱོར་རིག་ནུས་ཅན་གྱི་འབྱུང་འགྱུར་ལ་ཕྱོགས་སྐབས། གསར་གཏོད་ནི་ཐབས་ལམ་ཉག་གཅིག་ཡིན་པ་དང་། མཉམ་ལས་ནི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་ལག་གདང་དམ་པོར་སྦྲེལ་ནས་རིག་ནུས་ཅན་གྱི་དུས་རབས་སུ་ཐུན་མོང་ཐོག་ཁྱབ་སྤེལ་་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་གསར་པ་སྐྱེད་སྲིང་བྱས་ནས། ཀྲུང་ཨུའི་དམངས་སེམས་གཅིག་སྦྲེལ་ཡོང་བའི“ཟམ་པ”དང“སྦྲེལ་ཐག”ལྟ་བུར་འགྱུར་བ་བྱེད་དགོས་ཞེས་བརྗོད་པ་རེད།
     མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་རྒྱལ་སྤྱི་པུའི་ཀྲུའུ་རེན་ཀྲའོ་ཅ་མིང་གིས། གྲངས་གཞིའི་དུས་རབས་སུ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་རང་སོ་སོས་སྤེལ་བའི་གནས་ཚུལ་གྱི་ཟུར་ཚད་དང་གཏིང་ཟབ་ཚད་སྔར་བས་ཆེ་རུ་བཏང་ནས། སྤྱི་ཚོགས་ཐོག་གླེང་མང་བ་དང་། རིག་གནས་སྒྱུ་རྩལ། ལུས་རྩལ། འཚོ་བའི་དར་སྲོལ་སོགས་ཀྱི་གནས་ཚུལ་ཤུགས་ཆེན་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀར་སྟོབས་ཤུགས་ཆེ་བའི་གཙོ་རྒྱུན་སྨྱན་སྦྱོར་ཡོད་པས། ཐུན་མོང་ཐོག་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་རྒྱུན་སྨྱན་སྦྱོར་གྱི་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་དང་རྒྱལ་སྤྱིའི་ཐོག་གི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།
     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིའུ་ཞའོ་ལུང་གིས། ཀྲུང་ཨུའི་སྨྱན་སྦྱོར་གླེང་སྟེགས་དེ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་སྤེལ་རེས་མཉམ་ལས་ཀྱི་ལམ་སྲོལ་ཅན་གྱི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཀྲུང་ཨུའི་འབྲེལ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་སྤྱིའི་སྨྱན་སྦྱོར་མཉམ་ལས་ཀྱི་འཕེལ་ཕྱོགས་ལ་བསྟུན་པ། གྲངས་གཞི་ཅན་གྱི་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་པ། མཉམ་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། མཉམ་ལས་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། ཕྱོགས་གཉིས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལྟ་ཉན་བྱེད་མཁན་དང་སྤེལ་རེས་ཟབ་མོ་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་བཅས་ལ་ལེགས་སྐྱེས་དངོས་ཕུལ་ཡོད་ཅེས་བརྗོད་པ་རེད།
     གླེང་སྟེགས་རིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་གྲངས་གཞིའི་དཔལ་འབྱོར་དུས་རབས་ཀྱི་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་སོགས་གནད་དོན་ལ་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གི་ཧྲེ་ཀྲང་སྨི་ཧ་དབྱི་ལོའུ་ཧྥུའུ་ཡིས། ཐ་སི་གསར་འགྱུར་ཁང་གིས་ཤིན་ཧྭ་གསར་འགྱུར་ཁང་སོགས་ཀྲུང་གོའི་གཙོ་རྒྱུན་སྨྱན་སྦྱོར་དང་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། འདི་ལོའི་ཟླ་དྲུག་པར་ཐ་སི་གསར་འགྱུར་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་གིས་མོ་སི་ཁོར་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན་བྱས་པ་རེད། གྲངས་གཞིའི་སྨྱན་སྦྱོར་དུས་རབས་སུ། ཐ་སི་གསར་འགྱུར་ཁང་གིས་ཀྲུང་གོའི་གཙོ་རྒྱུན་སྨྱན་སྦྱོར་དང་མཉམ་དུ་མཉམ་ལས་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།