འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎ཨ་ཧྥེ་རི་ཁར་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་ཡག་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཨ་ཧྥེ་རི་ཁའི་ཁོང་ཀོ་གཙང་པོའི་ངོགས་ཀྱི་པུ་ར་ཙ་ཝེར་དུ་ཡོད་པའི་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་གཞུང་ལས་ཐོག་ཁང་ནི་ཡུལ་དེའི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཡིན། ལོ་བཞིའི་འཕེལ་རྒྱས་བརྒྱུད་མ་དངུལ་མཉམ་འཇོག་གི་དངུལ་ཁང་དེས་ཡུལ་དེའི་དམངས་ཚོགས་སྔར་བས་མང་བར་དངུལ་རྩ་ཡོངས་ཕན་ཐུབ་པ་བྱས་པ་དང་དུས་མཚུངས་མི་དམངས་ཤོག་སྒོར་གྱི་ཚོང་དོན་མཇུག་རྩིས་དང་དངུལ་འགྲུལ་གཏོང་ལེན་གྱི་ལས་སྒོ་ཆེར་གཏོང་ལ་གཞོལ་ནས་ཨ་ཧྥེ་རི་ཁ་དབུས་རྒྱུད་དུ་མི་དམངས་ཤོག་སྒོར་བེད་སྤྱོད་དང་ཁྱབ་གདལ་ཡོང་བ་བྱས་པ་རེད།
     “སྔོན་ཆད་ཁོང་ཀོ(པུའུ)རུ་དངུལ་ཁང་ལས་རིགས་ཧ་ལམ་ནུབ་ཕྱོགས་དངུལ་ཁང་གིས་སྒེར་སྡོམ་བྱས་ནས་མི་འབོར་10%ཙམ་ལ་མ་གཏོགས་དངུལ་ཁང་གི་རྩིས་ཐོ་མེད”2015ལོ་ནས་ལས་གཉེར་བྱས་པའི་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ཨ་ཧྥེ་རི་ཁར་བཙུགས་པའི་མ་དངུལ་མཉམ་འཇོག་གི་དངུལ་ཁང་ཐོག་མ་དེ་ཡིན་ལ་དེས་ཁོང་ཀོ(པུའུ)ལ་རང་ཡུལ་གྱི་ཚོང་ལས་དངུལ་ཁང་ཆེན་པོ་མེད་པའི་གནས་བབ་མཇུག་བསྒྲིལ་ཡོད་ཅེས་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཕ་ཐེ་ལི་ཁེ·ཨོ་པང་པིས་བཤད།
     ཉེ་བའི་ལོ་ཤས་རིང་། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་སོང་ནས་མི་དམངས་ཤོག་སྒོར་ལ་ཀྲུང་ཧྥེའི་ཚོང་དོན་དང་མ་འཇོག་ལ་སྟབས་བདེ་དང་། ཕྱི་དངུལ་གསོག་འཇོག་གི་གྲུབ་ཆ་ལེགས་གཏོང་། འཛའ་ཐང་གི་ཉེན་ཁ་འགོག་ཟོན། དངུལ་རྩའི་མ་ལག་བརྟན་པོ་ཡོང་བ་སོགས་ཀྱི་ལེགས་ཆ་ཡོད་པས་རིམ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་མཐོང་ཆེན་ཐོབ་ཡོད། མིག་སྔར་ཀྲུང་གོའི་དངུལ་རྩའི་སྒྲིག་གཞིས་ཨ་ཧྥེ་རི་ཁར་ཡན་ལག་དངུལ་ཁང་བཅུ་ལྷག་ཙམ་བཙུཌ་ཡོད། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་བརྒྱད་ཀྱིས་མི་དམངས་ཤོག་སྒོར་ཕྱི་དངུལ་གསོག་འཇོག་ནང་བཞག་ཡོད། ཀྲུང་གོས་ད་དུང་ཙན་པི་ཡ་དང་མི་དམངས་ཤོག་སྒོར་ཞིབ་རྩིས་བཀོད་སྒྲིག་ལས་སྒོ་བཙུགས་ཏེ་མོ་རོ་ཁོ་སོཌ་རྒྱལ་ཁབ་བཞི་དང་རྩིས་གཞིའི་དངུལ་ལོར་ཕན་ཚུན་བརྗེ་རེས་ཀྱི་གྲོས་མཐུན་ཡང་བཞག་པ་རེད།
     2018ལོར་ཀྲུང་ཧྥེའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2042ཟིན་པ་དེ་ལོ་གོང་མ་ལས་20%འཕར་ཡོད་པ་དང་། ཀྲུང་གོ་བསྟུད་མར་ལོ་བཅུའི་རིང་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། “ཀྲུང་ཧྥེའི་ཚོང་དོན་མགྱོགས་མྱུར་གོང་འཕེལ་སོང་བ་དང་བསྟུན་ནས་མི་དམངས་ཤོག་སྒོར་མིན་པའི་མཇུག་རྩིས་ཀྱི་བསྡུར་ཚད་ཀྱང་2015ལོའི་5%ནས་2018ལོའི་12%བར་འཕར་ཡོད”ཅེས་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་གི་ཧང་ཀྲང་ཀྲང་ཅན་ཡུས་ཀྱིས་བཤད་ཅིང་། ཁོང་གིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་ཨ་ཧྥེ་རི་ཁར་གྲུབ་འབྲས་ཆེན་པོ་ཐོབ་ནའང་། ཀྲུང་ཧྥེའི་ཚོང་དོན་སྤྱི་འབོར་དང་བསྡུར་ན་ད་དུང་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་ཙམ་ཡོད་ཅེས་ཀྱང་བརྗོད།
     ལས་རིགས་ནང་ཁུལ་གྱི་མི་སྣས། ཨ་ཧྥེ་རི་ཁར་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་སྐུལ་འདེད་གཏོང་བར་སྲིད་གཞུང་གི་ངོས་ནས་རྒྱབ་སྐྱོར་བྱེད་ཚད་ཆེར་གཏོང་དང་། ཨ་ཧྥེ་རི་ཁར་ཕྱོགས་པའི་ཚོང་དོན་མ་འཇོག་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ཟུང་འབྲེལ། ཀྲུང་ཧྥེའི་དངུལ་རྩ་མཉམ་ལས་མྱུར་གཏོང་སོགས་ཁྱབ་ཁོངས་ནས་འགོ་བཙུགས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་དེའི་སྒྲིག་གཞི་སྔར་བས་མང་བས་མི་དམངས་ཤོག་སྒོར་ལ་སྔར་བས་རྒྱུས་མངའ་དང་། སྔར་བས་ཡིད་ཆེས། སྔར་བས་སྤྱོད་རྒྱུར་དགའ་བ་བཅས་ཡོང་བར་བྱས་ནས་ནམ་ཞིག་མི་དམངས་ཤོག་སྒོར་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སྔར་བས་མང་བའི་གསོག་འཇོག་དང་རྩིས་རྒྱག་གི་དངུལ་ལོར་དུ་འགྱུར་ངེས་ཡིན་ཞེས་བཤད།
     ཀྲང་ཅན་ཡུས་ཀྱིས། ཀྲུང་ཧྥེ་དབར་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྟེན་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་འཛུགས་ཐུབ་རེ་ཡོད། དེས་ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་ཉམས་མྱོང་དང་སྤྱོད་གོ་ཆོད་པའི་ལག་རྩལ་དང་མ་དངུལ་དང་ཨ་ཧྥེ་རི་ཁའི་རང་བྱུང་དང་མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཟུང་འབྲེལ་བྱས་ཏེ་ཕྱོགས་གཉིས་ཀྱི་ཚོང་དོན་དང་དཔལ་འབྱོར་མཉམ་ལས་སྔར་བས་ཆེ་རུ་བཏང་བས་མི་དམངས་ཤོག་སྒོར་ཨ་ཧྥེ་རི་ཁར་སྤྱོད་ཚད་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད། དེ་ནི་ཨ་ཧྥེ་རི་ཁར་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་མ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བཤད།