འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅།།ལྷ་སའི་ཞོ་སྟོན་རིང་གི་ལྷ་མོའི་སྟོན་མོ་གཟབ་རྒྱས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཞོ་སྟོན་གྱི་ཉིན་གཉིས་པའི་ཆུ་ཚོད་9དང་ཕྱེད་ཀར་ལོ་37ལ་སླེབས་པའི་ངག་དབང་རྒྱལ་མཚན་གྱིས་ནང་མི་ཡོངས་ཁྲིད་དེ་རླངས་འཁོར་བསྡད་ནས་བོད་ཀྱི་གྲགས་ཅན་གནའ་བོའི་དགའ་ཚལ་ནོར་བུ་གླིང་ཁར་བསྐྱོད། ཁོང་ཚོ་ནང་མི་དྲུག་གིས་ཇ་མངར་མོ་དང་། ཇ་བསྲུབས་མ། རྩམ་པ། འབྲས་ཚལ་བཅས་འཁྱེར་ནས་ལྟད་མོ་འཁྲབ་སར་སླེབས་སྐབས་ལྷ་མོ་འགོ་ཚུགས་པར་ད་དུང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ཡོད་པས་ཚང་མ་བློ་བདེ་པོར་གྱུར།
     དེ་ཉིན་ལྷ་མོ《དྲི་མེད་ཀུན་ལྡན》སྔ་དྲོའི་ཆུ་ཚོད་11ནས་ཕྱི་དྲོའི་ཆུ་ཚོད་6པ་བར་རྒྱུན་མཐུད་འཁྲབ་སྟོན་བྱས་པ་དང་། ལྟད་མོ་ཆེ་བས་ལྟད་མོ་བ་མང་པོ་ཞིག་ལ་ལྟོགས་པའི་སྣང་བ་བྱུང་མེད།
     ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ཟོག་འདྲེན་རླངས་འཁོར་གཏོང་མཁན་ཞིག་ཡིན་པའི་ངག་དབང་རྒྱལ་མཚན་ནི་ཆུང་བྱིས་པའི་དུས་ནས་ལྷ་མོའི་འཁྲབ་སྟོན་ལ་ཧ་ཅང་དགའ་པོ་ཡོད། ཁོང་གིས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་བདུན་ལྟ་མྱོང་བ་དང་། གཅིག་ཤོས་དེ་དེབ་ནང་ནས་མ་གཏོགས་ལྟ་མྱོང་མེད་ཅེས་བརྗོད།
     ཞོ་སྟོན་རིང་ངག་དབང་རྒྱལ་མཚན་དང་འདྲ་བའི་ལྷ་མོ་དབྱིངས་པ་མང་དག་ཅིག་གི་ཡིད་དབང་བཀུག་ཡོད་ཅིང་། ལོ་51ལ་སླེབས་པའི་ཉི་མ་ཚེ་རིང་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གྱི་ཞིང་པ་ཞིག་རེད། ཞིང་དལ་དུས་དང་བསྟུན་ནས་ཁོང་གིས་གྲོགས་པོ་གཉིས་དང་ལྷན་དུ་ལྷ་སར་གོས་སྐུ་འགྲེམས་སྟོན་དང་ལྷ་མོའི་འཁྲབ་སྟོན་ལ་ལྟ་བར་ཡོང་ཡོད།
     ཉི་མ་ཚེ་རིང་གིས“ད་ལྟའི་འཚོ་བ་སྔོན་ཆད་ལས་ཧ་ཅང་ཡག་པ་ཡོད། ཁྱིམ་ལ་རླངས་འཁོར་ཉོས་པས་ལྷ་སར་ཡོང་བར་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བརྗོད་པ་དང་། ཁོང་གིས་ལྷ་མོ་ནི་ཞིང་འབྲོག་པའི་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པས་ཐེངས་གཅིག་ལ་བློ་ཡིད་ཚིམ་པ་ཞིག་ལྟ་གི་ཡིན་ཞེས་བརྗོད།
    ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་བརྟག་ཞིབ་པ་ཡོན་ཏན་ཚེ་རིང་གིས་ཞོ་སྟོན་རིང་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ནས་ཡོང་བའི་ལྷ་མོའི་རུ་ཁག་12ཀྱིས་རང་རང་གི་ཉམས་འགྱུར་ངོམས་ནས་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བར་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་ཅེས་བརྗོད།
     ཧུའུ་ནན་ཞིང་ཆེན་ནས་ཡིན་པའི་ལིའུ་ལི་ལྷ་མོ་ཐེངས་དང་པོ་ལྟ་སྐབས་ཁོ་མོའི་ཡིད་དབང་རབ་ཏུ་འཕྲོག་ནས“ལྷ་མོ་ནི་ཐུན་མོང་མ་ཡིན་པ་ཞིག་འདུག མི་རྣམས་ཀྱིས་ལྷ་མོ་ལྟ་འདོད་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་པས་དེ་ནི་ནང་སར་ལོ་གསར་གཏོང་བ་དང་གཉིས་སུ་མ་མཆིས”ཞེས་བརྗོད།
    ཨ་རིའི་ཡུལ་སྐོར་བ་ལེའུ་ནེ·པི་ཏི་སི་དང་ཁོང་གི་གྲོགས་པོས་ཆེད་མངགས་ཞོ་སྟོན་རིང་གི་དུས་ཚོད་བདམས་ནས་བོད་དུ་ཡུལ་སྐོར་དུ་ཡོང་བ་དང་། ཁོང་གིས“ལྷ་མོའི་འཁྲབ་སྟོན་གྱིས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། ནང་དོན་དེ་ཙམ་ཤེས་ཀྱི་མིན་འདུག འོན་ཀྱང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ཚོར་སྣང་ཞིག་འདུག་པ་མ་ཟད། ལྷ་མོའི་གྱོན་ཆས་ཀྱི་ཚོས་གཞི་ཡང་ཧ་ཅང་བཀྲག་མདངས་ཆེན་པོ་འདུག”ཅེས་བརྗོད།
     2019ལོའི་ཞོ་སྟོན་རིང་གི་ལྷ་མོ་འགྲེམས་འཁྲབ་ཀྱི་བྱེད་སྒོ་རབ་དང་རིམ་པ་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཏེ་ནོར་བུ་གླིང་ག་དང་། རྫོང་རྒྱབ་ཀླུ་ཁང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། བོད་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་བཅས་སུ་འཁྲབ་སྟོན་བྱས་པ་རེད།
     ཡོན་ཏན་ཚེ་རིང་གིས“མི་སེར་ཚོས་ལྷ་མོ་ལྟ་འདོད་ཆེན་པོ་བྱེད་ཀྱི་ཡོད་པས་ཉིན་ལྟར་མི་ཧ་ཅང་མང་པོ་འདུག”ཅེས་བརྗོད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ལྷ་མོར་སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་བྱུང་ཞིང་། མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་ལྷ་མོའི་རྒྱུན་འཛིན་པ་12དང་། རང་སྐྱོང་ལྗོངས་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་11 དམངས་ཁྲོད་ལྷ་མོའི་རྒྱུན་འཛིན་ས་ཚིགས་140ལྷག་ཙམ་བཅས་ཡོད་ཅེས་བརྗོད།