འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་29ཉིན།

༄༅༎དཀའ་སྤྱད་རྔུལ་ཆུ་བཏོན། བློ་སེམས་གཅིག་ཏུ་ཕྱོགས།

—— གཙང་གསུམ་ཆུ་འགོའི་ཁུལ་གྱི་ཚན་ཞིབ་མི་སྣའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་29ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● ཀྲའོ་ཞང་ནང་སར་འཚར་ལོངས་བྱུང་ཞིང་། སློབ་ཆེན་ཐོན་རྗེས་ཐེངས་ཤིག་ཡུལ་སྐོར་དུ་ཡོང་བས། གཙང་གསུམ་ཆུ་འགོའི་ཡིད་དུ་འོང་བའི་རྣམ་པས་ཁོང་གི་ཡིད་དབང་འཕྲོག་སྟེ་གནས་དེ་འབྲལ་མི་ཕོད་པའི“ཕ་ཡུལ་གཉིས་པར”གྱུར།
     ● ཤའོ་ལིན་ཡུན་གྱིས་གཙང་གསུམ་ཆུ་འགོར་གཞི་ཚུགས་སྟེ། ས་གནས་དེའི་སྣོད་བཅུད་སྲུང་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་ནི་ངའི་བསོད་ནམས་དང་བདེ་སྐྱིད་ཡིན་ཞེས་བཤད།
     ● ལིའུ་ཤིན་ནུང་གིས་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་ཆགས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས། སྣོད་བཅུད་རིན་ཐང་ཆེ་བ་དང་སྐྱེ་དངོས་སྣ་ཁ་ཕུན་སུམ་ཚོགས་པས། འབྲེལ་ཡོད་ཆེད་ལས་ཀྱི་ན་གཞོན་རྣམས་གནས་དེར་ཚན་ཞིབ་ལས་དོན་བསྒྲུབས་ཏེ་བྱས་རྗེས་འཇོག་སའི་གནས་ཡག་པོ་ཞིག་རེད་ཅེས་བཤད།
     ● རུའེ་ཆིའུ་ཡིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་གྱིས་ད་བར་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་ས་གནས་ཁག་དང་ལས་རིགས་ཁག་གི་མི་སྣ་ས་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་ལ་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ཅེས་བཤད།
     ས་བབ་མཐོ་ཚད་སྨི་4000ལས་བརྒལ་བ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་40ཙམ་ཡོད་པ། མཐོ་གྲང་དང་གསོ་རླུང་དཀོན་ལ་གནམ་གཤིས་ཞན་པ། ལམ་ཐག་རིང་ལ་དངོས་རྫས་ཁ་གསབ་བྱེད་དཀའ་བ་བཅས་ཀྱི་ལས་ཀའི་ཆ་རྐྱེན་སྐྱོ་བའི་མཚོ་སྔོན་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མི་རྣམས་སྐྱོད་འདོད་ག་ལ་བྱེད།
     འོན་ཀྱང་ད་ཕན་ལོ་ཤས་རིང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་སྒྱུར་བཅོས་བརྟན་པོའི་ངང་སྐུལ་འདེད་བཏང་བ་བརྒྱུད་སྣོད་བཅུད་ཚན་ཞིབ་ལས་དོན་པ་མང་པོ་ཞིག་གི་ཡིད་དབང་བཀུག་ནས་རང་འགུལ་ངང་གནས་དེར་བསྐྱོད་དེ་ཡུན་རིང་གཞིས་ཆགས་ནས་ཞིབ་འཇུག་ལས་ལ་གཞོལ་ཏེ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གསོན་ཤུགས་ནམ་ཡང་རྒྱས་ཆེད། ཐབས་དང་ཇུས་ཧུར་ཐག་འདོན་བཞིན་མཆིས།
     འདི་ལོ་ལོ་30ལ་སླེབས་པའི་ཀྲའོ་ཞང་ནང་སར་འཚར་ལོངས་བྱུང་ཞིང་། སློབ་ཆེན་ཐོན་རྗེས་ཐེངས་ཤིག་ཡུལ་སྐོར་དུ་ཡོང་བས། གཙང་གསུམ་ཆུ་འགོའི་ཡིད་དུ་འོང་བའི་རྣམ་པས་ཁོང་གི་ཡིད་དབང་འཕྲོག་སྟེ་གནས་དེ་འབྲལ་མི་ཕོད་པའི“ཕ་ཡུལ་གཉིས་པར”གྱུར།
     པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ནང་ཞུགས་རྗེས། ཀྲའོ་ཞང་ལོ་འཁོར་མོ་གཙང་གསུམ་ཆུ་འགོའི་རྒྱུད་དུ་ཡང་ཡང་འགྲོ་དགོས་ཀྱི་ཡོད། ཁོང་གིས་རུ་སྣེ་འཁྲིད་པའི་ཚོགས་པར་ཨོག་དཀར་དང་། ཤྭ་བ་སེར་ཆེན། ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་སོགས་གནས་དེར་མཐོང་དཀོན་པའི་རྩ་ཆེའི་སྲོག་ཆགས་མང་པོ་རྙེད་པ་མ་ཟད། ཞིབ་འཇུག་མང་པོ་ཞིག་ལ་འཛམ་གླིང་ཚན་ཞིབ་ལས་རིགས་ཀྱི་གདེང་འཇོག་ཐོབ་ཡོད།
     རྫ་ཆུའི་ཆུ་འགོར་གནས་པའི་རྫ་སྟོད་རྫོང་རྣམ་སྲས་ཤང་དུ་གསར་འགོད་པར་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་པེ་ཅིང་སློབ་ཆེན་གྱི་ཚན་ཞིབ་ཚོགས་པ་འཕྲད་བྱུང་། ཁོང་ཚོའི་ཁྲོད་མང་ཆེ་བ་ནི་གཞོན་ནུ་ཡིན་པ་དང་ཆུང་ཤོས་ལོ་20ཡིན་ལ། རུ་མི་ལ་ལ་གནས་དེར་བསྡད་ནས་ལོ་འཁོར་གྱི་ཡོད།
     ཁོང་ཚོའི་གཟུགས་པོ་དང་བྱད་བཞིན་ལ་ལྟ་སྐབས། གྱོན་པ་འདག་རལ་གྱིས་ཁེངས་པ་དང་ངོ་གདོང་ཉི་མས་བསྲེགས་ནས་ནག་པོར་གྱུར་ཅིང་། གད་མོ་བགད་སྐབས་སོ་དཀར་པོ་ལས་མཐོང་རྒྱུ་མེད་ལ། སྐྲ་བཞར་བའི་ཁོམ་པ་མེད་པས་ཟང་ཟིང་སྣུམ་ཚི་རེར་ཡོད་པ་དང་སྐྱེས་པ་ལ་ལ་སྐྲ་རིང་བའི་རྐྱེན་གྱིས་ལྟག་བརྒྱབ་ཏུ་སྐྲའི་ལན་བུ་བརྒྱབ་ནས་འདུག
     ཁོང་ཚོ་ཕལ་ཆེ་བ་ཀྲའོ་ཞང་དང་འདྲ་བར་བརྩེ་སེམས་ཟབ་མོ་བཅངས་བཞིན་གནས་དེར་སྐྱོད་མཁན་ཤ་སྟག་ཡིན་པས། མཚོ་བོད་ས་མཐོའི་བཟོད་པར་དཀའ་བའི་མཁའ་རླུང་དང་ཕྱིའི་དཀའ་ཚེགས་ཆ་རྐྱེན་ཇི་ཙམ་ཞན་ཡང་། གྲོང་ཁྱེར་ནང་འཚར་ལོངས་བྱུང་བའི་ན་གཞོན་དེ་དག་གིས་སྡུག་སྐད་རྒྱག་མྱོང་མེད།
     པེ་ཅིང་སློབ་ཆེན་གྱི་འབུམ་རམས་པ་ཐོབ་རྗེས་ཀྱི་ཞིབ་འཇུག་པ་ཤའོ་ལིན་ཡུན་གྱིས་གཙང་གསུམ་ཆུ་འགོ་དེ་སྣོད་བཅུད་ཚན་ཞིབ་རིག་པའི་ལས་རིགས་ཀྱི་གནས“པེ་ཅིང”དང“ཧྲེན་ཀྲེན”ལྟར་རེད། གནས་དེར་གཞི་ཚུགས་ཏེ། ས་གནས་དེའི་སྣོད་བཅུད་སྲུང་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་ནི་ངའི་བསོད་ནམས་དང་བདེ་སྐྱིད་ཡིན་ཞེས་བཤད།
     པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་ལིའུ་ཤིན་ནུང་གིས་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་ཆགས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས། སྣོད་བཅུད་རིན་ཐང་ཆེ་བ་དང་སྐྱེ་དངོས་སྣ་ཁ་ཕུན་སུམ་ཚོགས་པས། འབྲེལ་ཡོད་ཆེད་ལས་ཀྱི་ན་གཞོན་རྣམས་གནས་དེར་ཚན་ཞིབ་ལས་དོན་བསྒྲུབས་ཏེ་བྱས་རྗེས་འཇོག་སའི་གནས་ཡག་པོ་ཞིག་རེད་ཅེས་བཤད།
     ཨོ་སི་ཁྲུ་ལི་ཡའི་ལིན་ཁེན་སློབ་ཆེན་གྱི་རུའེ་ཆིའུ་མཚོ་སྔོན་ཞིང་ཆེན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཅུས་ཀྱི་མཉམ་ལས་རྣམ་གྲངས་ལ་ཞུགས་ཏེ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་ཡུན་རིང་ཚོད་ལྟའི་ལས་ལ་གཞོལ་ནས། ས་གནས་ཀྱི་རྩྭ་ཐང་ཞན་འགྱུར་བརྒྱུད་རིམ་ཁྲོད་ཀྱི་རང་བྱུང་རྒྱུ་རྐྱེན་ལ་མུ་མཐུད་ཞིབ་འཇུག་དང་འབྲེལ་གནད་དོན་དེ་ཐག་གཅོད་ཀྱི་བྱེད་ཐབས་བཙལ་འཚོལ་བྱེད་བཞིན་མཆིས།
     རུའེ་ཆིའུ་ཡིས་གསར་འགོད་པར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་གྱིས་ད་བར་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་ས་གནས་ཁག་དང་ལས་རིགས་ཁག་གི་མི་སྣ་ས་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་ལ་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད། འབྲེལ་ཡོད་ལམ་སྲོལ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པར་བརྟེན། ད་ཕན་ལོ་ཤས་རིང་། ས་གནས་གཞན་ནས་གནས་དེར་ཡོང་མཁན་སྣོད་བཅུད་ཚན་ཞིབ་ལས་དོན་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བརྗོད།
     གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། སྒོ་དབྱེ་དང་མཉམ་སྤྱོད་ཀྱི་སྤྱི་གླིང་བསྐྲུན་པའི་སྙིང་སྟོབས་མཐའ་འཁྱོངས་བྱེད་མཁན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དོ་དམ་སྡེ་ཚན་གྱིས། ད་ཕན་ལོ་ཤས་རིང་ཀྲུང་གོ་ཚན་ཞིབ་ཁང་དང་། ཀྲུང་གོ་བར་མཐོངས་ལག་རྩལ་ཞིབ་འཇུག་ཁང་། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་སོགས་ཚན་ཞིབ་ཁང་དང་སུའོ་ཡིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཚན་ཞིབ་རུ་ཁག་མང་པོ་གནས་དེར་ཞིབ་འཇུག་བྱེད་པར་ཡོང་རྒྱུར་ཡིད་དབང་བཀུག
     2016ལོ་ནས་ད་བར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། སུའེ་ཙེར་སོགས་རྒྱལ་ཁབ་བཅུ་ལྷག་ཙམ་གྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ་སྣོད་བཅུད་སྲུང་སྐྱོང་ཐད་གྲོས་བསྡུར་ཐེངས་མང་བྱས་པ་དང་འབྲེལ་རིམ་པ་མཐོ་བ་དང་ས་ཁོངས་སྒྲོལ་བའི་ཇུས་འདྲིའི་མཉམ་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཡོད། ད་ཆ་ཨེ་ཁྭ་ཏོར་དང་ཆི་ལིའི་རྒྱལ་ཁབ་སྤྱི་གླིང་དང་གྲོས་མཐུན་བཞག་སྟེ་མཛའ་གྲོགས་འབྲེལ་བ་བཙུགས་ཡོད།
     གོང་གསལ་བྱེད་ཐབས་ཀྱི་སྐུལ་འདེད་འོག་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེས་མི་སེམས་འགུག་ཤུགས་ཇེ་ཆེར་སོང་ཞིང་། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱིས་གཉེར་བའི་རང་རྒྱལ་གྱི་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་ཐོག་རྒྱལ་ཁབ་ཕྱི་ནང་གི་དཔོན་རིགས་དང་རིགས་གཅིག་མཁས་ཅན་450ཟི་ལིང་གྲོང་ཁྱེར་དུ་འཛོམས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྐོར་གླེང་སྟེ། ས་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་ཤེས་རྟོགས་དང་དེའི་ནང་ཞུགས་པའི་སྤྲོ་སེམས་གང་ལེགས་མངོན་པར་བྱས་ཡོད།