འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་28ཉིན།

༄༅།།སྐམ་ཐོག་གྲོང་གི་གནང་དེང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་28ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོ་ནི་འབྲི་ཆུའི་འགྲམ་ངོགས་སུ་ཆགས་ཤིང་། སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དང་འབྲི་ཆུའི་ཕར་ཚུར་ལ་ཆགས་ཡོད། 1950ལོའི་ཟླ་10པར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཅུན་ཤོག་བཅོ་བརྒྱད་པས་ས་ཁུལ་འདིར་འབྲི་ཆུ་བརྒལ་ནས། ཆབ་མདོ་བཅིངས་འགྲོལ་གཏོང་བའི་དམག་འཐབ་སྤེལ་བ་རེད།
    “བཅིངས་འགྲོལ་དམག་གིས་གྲོང་མི་རྣམས་ལ་འབྲས་སྦྱིན་ཞིང་། དེ་ནི་ངས་ལྟོ་འགྲངས་བའི་ཟས་ཟ་ཐེངས་དང་པོ་དེ་རེད།”ཅེས་ད་སྐབས་ལོ་82ཟིན་པའི་ཚེ་དབང་ཕུན་ཚོགས་ཀྱིས་བཤད། “དེང་སང་འཚོ་བ་སྐྱིད་པོ་རེད། ཁྱིམ་གྱི་ས་ཞིང་མུའུ་བཞི་ལྔ་ལས་ཞོག་ཁོག་རྒྱ་མ་སྟོང་ཕྲག་བདུན་བརྒྱད་བསྡུ་ཆོག་ཅིང་། མང་ཆེ་བ་བཙོང་ན་སྒོར་ཁྲི་1ལྷག་ཡོད། ”
    དེང་སང་གི་སྐམ་ཐོག་གྲོང་ཚོའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེ་རྐྱང་སྒོར་ཁྲི་བརྒལ་ཡོད། ཟས་ཀྱིས་ལྟོ་མི་འགྲངས་ལ་གོས་ཀྱིས་རྒྱབ་མི་ཁེབས་པ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་ཕྱོགས་པའི་བར། གྲོང་ཚོ་ཆུང་ཆུང་འདི་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་གི་བོད་ལྗོངས་ཀྱི་འགྱུར་ལྡོག་ཆེ་ཤོས་དེ་བདེན་དཔང་བྱས་ཡོད།
    ལམ་ཤར་གཏོང་བྱུང་བ་ལས་འཕེལ་རྒྱས་ཀྱི་གོ་སྐབས་རྙེད་པ།
    ལོ་ངོ་70ཡི་ཡར་སྔོན་དུ། འབྲི་ཆུ་ཉེན་ཁ་ཆེ་ཞིང་། ཆུ་བོ་བརྒལ་དགོས་ན་ཀོ་གྲུ་ལ་བརྟེན་དགོས། “འཇོ་མདའ་རྫོང་ཡོངས་ལ་གཞུང་ལམ་ཡག་པོ་གཅིག་ཀྱང་མེད། ཕྱི་རོལ་ཏུ་བསྐྱོད་དུས་རྟར་ཞོན་པ་དང་རྐང་ཐང་དུ་འགྲོ་དགོས་ཤིང་། རྫོང་ཐོག་ལ་ཐེངས་གཅིག་འགྲོ་ན་ཉིན་གསུམ་ནས་ལྔ་བར་འགྲོ་དགོས། དམག་སྡེ་ཡོང་དུས་སུ། གྲོང་ཚོ་ཡོངས་སུ་ཀོ་གྲུ་9ཡོད་པ་ཚང་མ་བཅིངས་འགྲོ་དམག་མི་ཆུར་བརྒལ་བར་སྤྱད་ཡོད་”ཅེས་ཚེ་དབང་ཕུན་ཚོགས་ཀྱིས་ད་ལྟར་ཡང་གསལ་བོ་དྲན་གྱིན་འདུག
     རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གོ་སྐབས་ཤུགས་ཆེན་སྤྲོད་པ་དང་བསྟུན། 2001ལོ་ནས་བཟུང་། སྐམ་ཐོག་གྲོང་ཚོས་བསྟུད་མར་འཛུགས་སྐྲུན་རུ་ཁག་མང་པོ་བཙུགས་ནས། ཆབ་མདོ་གྲོང་ཁྱེར་དང་འཇོ་མདའ་རྫོང་དུ་ཨར་ལས་སྤེལ་བར་བསྐྱོད་ཡོད།