འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་27ཉིན།

༄༅༎ཡུན་ནན་ཞིང་ཆེན་ཡུང་ཧྲན་རྫོང་དུ་ཨ་ཧྥེ་རི་ཁའི་ཕག་ནད་ཐོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་27ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཞིང་ལས་དང་གྲོང་གསེབ་པུའི་གསར་འགྱུར་གཞུང་དོན་ཁང་གིས་ཚེས་26ཉིན་གནས་ཚུལ་ཡོངས་བསྒྲགས་བྱས་པར་གཞིགས་ན། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཡུང་ཧྲན་རྫོང་དུ་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཐོན་ཡོད། 
     ཟླ་8ཚེས་26ཉིན། ཞིང་ལས་དང་གྲོང་གསེབ་པུའུ་ལ་ཀྲུང་གོ་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྙན་ཞུ་འབྱོར་ལ། ཡུན་ནན་ཞིང་ཆེན་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ནད་གཞི་གཏན་འཁེལ་བྱས་པ་བརྒྱུད། ཡུང་ཧྲན་རྫོང་ཏ་ཤིང་གྲོང་རྡལ་གྱི་གསོ་ཚགས་ར་བ་ཞིག་ཏུ་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཐོན་ཡོད། འགོས་ནད་ཐོན་སྐབས་གསོ་སྤེལ་ར་བ་དེར་ཕག་པ་120ཡོད་ཅིང་། ནད་ཕོག་མཁན་55ཡོད་པ་དང་། 26ཤི་བ་རེད། 
     འགོས་ནད་ཐོན་རྗེས་ཞིང་ལས་དང་གྲོང་གསེབ་པུས་འཕྲལ་མར་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ས་གནས་དེ་གར་འགོས་ནད་ཐག་གཅོད་ལྟ་སྐུལ་མཛུབ་ཁྲིད་དང་ནད་ཡམས་རིག་པའི་བརྟག་དཔྱད་ལས་དོན་སྤེལ་བར་བཏང་བ་རེད། ས་གནས་དེ་གས་བླང་བྱ་ལྟར་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་ལེན་བསྟར་ནས་བཀག་སྡོམ་དང་། གསོད་པ། གནོད་མེད་གཙང་སེལ་བྱེད་པ། དུག་སེལ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་པ་མ་ཟད། ད་དུང་ར་བ་དེའི་ལྷག་ལུས་ཡོད་པའི་ཕག་པ་རྣམས་བཤས་པ་རེད། བཤས་ཟིན་པའི་ཕག་པ་དང་ནད་ཀྱིས་ཤི་བའི་ཕག་པ་ཚང་མ་གནོད་མེད་གཙང་སེལ་བྱས་པ་རེད། དེ་དང་ཆབས་ཅིག ཕག་པ་དང་དེ་བཞིན་དེའི་ཐོན་རྫས་དག་བཀག་སྡོམ་ཁུལ་ནས་ཕྱིར་གཏོང་བྱ་རྒྱུ་དང་ཕག་པ་བཀག་སྡོམ་ཁུལ་དུ་སྐྱེལ་འདྲེན་བྱ་རྒྱུ་གཏན་འགོག་བྱས་པ་རེད། མིག་སྔར་གོང་གསལ་གྱི་བྱེད་ཐབས་ཚང་མ་དོན་འཁྱོལ་བྱུང་ཡོད།