འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅།།ཆབ་སྲིད་ལ་བརྟེན་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་
བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཅུན་གྱིས་ཆབ་སྲིད་ལ་བརྟེན་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བྱས་ཤིང་། ཁོང་གིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གླེང་མང་བའི་གནད་དོན་རྙོག་འཛིང་ཆེ་བས་རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་དང་། གླེང་མོལ་དང་གྲོས་མོལ་ལ་སྐུལ་འདེད། དགེ་མཚན་ལྡན་པའི་དོ་དམ་ཚོད་འཛིན་གྱི་རྣམ་པ་མཐའ་འཁྱོངས། ཕྱོགས་ཁག་གི་ལུགས་མཐུན་ཁེ་དབང་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་བརྗོད་པ་རེད།
     ཀྲང་ཅུན་གྱིས“འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཀྱི་འགྲན་སློང”ཞེས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་རྩོད་གླེང་ཚོགས་འདུའི་ནང་ཞུགས་སྐབས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་དེ་ས་ཁུལ་དེའི་རྒྱལ་ཁབ་ཀྱི་གཞི་རྩའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལུགས་མཐུན་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་ཀྱིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པའི་བདེ་འཇགས་ལྟ་བ་གསར་པ་འཛུགས་རྒྱུ་བཅས་དར་སྤེལ་ཧུར་ཐག་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཡོད་ཅེས་བརྗོད་པ་རེད།
     ཀྲང་ཅུན་གྱིས་དོ་བདག་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་ངེས་པར་དུ་བརྩི་བཀུར་ཞུ་དགོས་ཤིང་། དྲག་ཤུགས་སམ་ཡང་ན་དྲག་ཤུགས་ལ་བརྟེན་ནས་ཕན་ཚུན་འཇིགས་སྐུལ་བྱེད་པ་དང་། ཕྱི་ཕྱོགས་ནས་ཐེ་ཇུས་བྱེད་པ། བཙན་དབང་ཆབ་སྲིད་དང་བཙན་དབང་རིང་ལུགས་བཅས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཀྲང་ཅུན་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་ལ་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་ཁ་གཏད་གཅོག་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཐུན་མོང་གི་ངོས་འཛིན་གཅིག་སྡུད་ཀྱིས་ཚད་གཞི་གཅིག་གྱུར་དང་། ཕྱོགས་བསྡུས་ཇུས་འདོན། རྩ་ལག་མཉམ་བཅོས་བཅས་བྱས་ནས་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ངེས་པར་དུ་གཞི་ཁྱོན་ཆེ་བའི་བསད་རྨས་རང་བཞིན་གྱི་མཚོན་ཆ་ཁྱབ་འགྱེད་བྱ་རྒྱུ་བཀག་འགོག་བྱེད་པ། ངེས་པར་དུ་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་སྲུང་སྐྱོང་བྱས་ནས། ཆ་ཚང་ལ་ནུས་པ་ལྡན་པའི་སྒོ་ནས་ལག་བསྟར་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།
     ཀྲང་ཅུང་གྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་གཏོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།