འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅།།“ཀྲོའུ་ཨེན་ལེ་དང་ཀྲུང་ཨུའི་མཛའ་གྲོགས”ཀྱི་པར་རིས་འགྲེམས་སྟོན་མོ་སི་ཁོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་19ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། “ཀྲོའུ་ཨེན་ལེ་དང་ཀྲུང་ཨུའི་མཛའ་གྲོགས”ཀྱི་པར་རིས་འགྲེམས་སྟོན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་གྲོང་འདབས་ཀྱི་ཀྲུང་གུང་ཚོགས་ཆེན་དྲུག་པ་འཚོགས་ཡུལ་གྱི་འགྲེམས་སྟོན་ཁང་དུ་འགོ་ཚུགས་པ་རེད།
     ད་ཐེངས་ཀྱི་འགྲེམས་སྟོན་དེ་མོ་སི་ཁོའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཨུད་དྲིལ་བསྒྲགས་པུས་མཉམ་དུ་གཙོ་གཉེར་བྱས་ཤིང་། མོ་སི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་དང་། ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨང་དང་པོ་ཁུའུ་ལི་ཁོ་ཝ། ཀྲུང་གུང་ཧོའེ་ཨན་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲོའུ་དབྱི་བཅས་དང་དེ་བཞིན་ཨུ་རུ་སུའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་ཨུ་རུ་སུར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས། ཕྱི་སྦྱོང་སློབ་མ་བཅས་ཀྱི་འཐུས་མི་བརྒྱ་ཙམ་དེ་ཉིན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
     ཀྲང་ཧན་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས་བློ་མཐུན་ཀྲོའུ་ཨེན་ལེ་ནི་རླབས་ཆེན་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། ཕྱི་འབྲེལ་མཁས་ཅན་བཅས་ཡིན་པ་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨང་དང་པོ་ཡིན་པའི་ཁོང་གིས་ཀྲུང་གོ་མི་དམངས་ཀྱི་བདེ་རྩ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་ཡོད། ཁོང་ཡང་ཀྲུང་སུའུ་མཛའ་གྲོགས་ཀྱི་རྨང་གཞི་བཏིང་མཁན་ཞིག་རེད། 1950ལོར་ཁོང་དང་སུའུ་ལེན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་སུའུ་མཛའ་གྲོགས་རོགས་རེས་ཀྱི་མནའ་མཐུན་ཆིངས་ཡིག་ལ་མཉམ་དུ་མིང་རྟགས་བཀོད་ཡོད་ཅེས་གསུངས་པ་རེད། ཀྲང་ཧན་ཧུའེ་ཡིས་དེ་རིང་འགྲེམས་སྟོན་དེ་གཉེར་ནས། བློ་མཐུན་ཀྲོའུ་ཨེན་ལེའི་རླབས་ཆེན་མཛད་རྗེས་ལ་དྲན་གསོ་ཞུ་བ་དང་ཆབས་ཅིག་ཁོང་གི་བླ་ན་མེད་པའི་ཀུན་སྤྱོད་དང་ཉམས་འགྱུར་ལ་སློབ་སྦྱོང་ཞུས་ཏེ་ང་ཚོས་ལས་དོན་ཁྲོད་འབད་འབུངས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་ཐུབ་རྒྱུ་ཡིན་ཞེས་གསུངས་པ་རེད།