འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅།།ཧོང་ཁུན་མིང་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་དྲུག་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་དྲུག་པར་ཞུགས་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། པར་སྐྲུན་གྱི་ཕྱོགས་སྟོན། རིན་ཐང་གཉེར་ཕྱོགས་གསུམ་མཐའ་འཁྱོངས་བྱེད་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། རྩེར་སོན་གྱི་འདུ་ཤེས་འཛུགས་པ་བཅས་བྱས་ཏེ། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་པའི་ཁྲོད། ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་པའི་རྩེར་སོན་གྱི་དཔེ་དེབ་དེ་བས་མང་བ་གསར་དུ་བསྐྲུན་ནས། མི་དམངས་མང་ཚོགས་ལ་ཕུན་སུམ་ཚོགས་ཤིང་རོ་བཅུད་ལྡན་པའི་བསམ་པའི་རྒྱགས་ཕྱེ་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     ཧོང་ཁུན་མིང་རྒྱལ་ནང་གི་དཔེ་སྐྲུན་ཚན་པའི་འགྲེམས་ཁུལ་དང་། རོ་མ་ནི་ཡའི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགྲེམས་ཁུལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྩེར་སོན་དཔེ་དེབ་ཀྱི་འགྲེམས་ཁུལ་བཅས་སུ་གཟིགས་པར་ཕེབས་ཤིང་། པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྐབས་17པ་དང་ཀྲུང་གོའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་སྐབས་9པར་གཟིགས་པ་མ་ཟད། ཀྲུང་ཕྱིའི་དཔེ་སྐྲུན་སྒྲིག་གཞིའི་འགན་འཁུར་བ་དང་ལྷན་དུ་དཔེ་དེབ་དང་། དེ་བཞིན་འབྲེལ་ཡོད་རིག་གནས་ཐོན་རྫས་ཀྱི་རྒྱལ་སྤྱིའི་དཔེ་སྐྲུན་དང་། ཕྱི་རྒྱལ་དུ་འགྲེམས་སྤེལ། གྲངས་འཛིན་ཁྱབ་གདལ་སོགས་ཀྱི་སྐོར་ལ་སྤེལ་རེས་ཀྱང་གནང་བ་རེད།
     ཧོང་ཁུན་མིང་གིས། མི་དམངས་ལ་རྩེར་སོན་བརྩམ་བྱ་དགོས་ལ། དུས་རབས་ཀྱིས་ཀྱང་དཔེ་སྐྲུན་དར་རྒྱས་ཡོང་བའི་འབོད་སྐུལ་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་རྒྱས་བཤད་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ཏེ། རིགས་པའི་གཞུང་ལུགས་ཀྱི་བརྩམ་བྱ་རྩོམ་སྒྲིག་དང་དཔེ་སྐྲུན་ཞིབ་ཚགས་བྱས་ནས་ནང་དོན་གཏིང་ཟབ་ལ་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བའི་ཕུལ་བྱུང་དཔེ་དེབ་དེ་བས་མང་བ་དཔེ་སྐྲུན་དང་ཁྱབ་གདལ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་ཕྱོགས་སྟོན་བརྟན་པོ་འཛུགས་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་པའི་རིག་གནས་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་པ་དང་འདོད་འདུན་གསར་པར་དམ་པོར་དམིགས་པ། ནུས་ཤུགས་ཡོད་རྒུས་གསར་རྩོམ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་དཔེ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ཏེ་བློ་བརྟན་འགྱུར་མེད་ངང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་། སྤུས་ལེགས་ཀྱི་ནང་དོན་དང་ཐོན་ཁུངས་མཉམ་འདྲེས་དང་བརྒྱུད་སྤེལ་ལ་སྐུལ་འདེད་གཏོང་བ། དཔེ་སྐྲུན་གྱི་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་དཔེ་སྐྲུན་ལས་རིགས་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་རིམ་སྤོར་མགྱོགས་པོ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཧོང་ཁུན་མིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བར་དམ་པོར་དམིགས་ཏེ། བརྗོད་དོན་གཙོ་བོའི་དཔེ་དེབ་གཙོ་བོ་དྲིལ་བསྒྲགས་དང་འོས་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕུལ་བྱུང་དཔེ་དེབ་འགྲེམས་སྟོན་དང་འགྲེམས་ཚོང་ལས་དོན་ཡག་པོ་སྒྲུབ་པ། མི་རྣམས་ལ་རླབས་ཆེན་ཀྱི་ལོ་རྒྱུས་བློ་ལ་བརྟན་འཆང་དང་། བདེ་སྐྱིད་ཀྱི་འཚོ་བར་གཅེས་འཛིན། འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུ་བ་དང་མེས་རྒྱལ་གྱི་གཟི་བརྗིད་མཉམ་དུ་ལོངས་སྤྱོད་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་སོགས་ཀྱི་དུས་ཚོད་དང་མཚམས་ཚིགས་གལ་ཆེན་ལ་དམིགས་ཏེ། སྔ་སྣུར་དུ་འཆར་འགོད་དང་ཇུས་འགོད་ཀྱིས་གསར་རྩོམ་དང་དཔེ་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རྩེར་སོན་བརྩམ་བྱ་ཁག་གཅིག་ཧུར་ཐག་རྩོམ་དགོས། དཔེ་དེབ་འབྲེལ་ཟམ་དུ་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་བསམ་ཤེས་བྱེད་ཤུགས་ཆེ་རུ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་དཔེ་སྐྲུན་གྱི་མཉམ་ལས་དང་སྤེལ་རེས་རྒྱ་ཁྱབ་བྱེད་པ། རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟེགས་ཡག་པོ་སྤྱོད་པ། ཀྲུང་གོའི་ཉམས་ཀྱིས་ཕྱུག་པ་དང་། འཛམ་གླིང་ལ་མཚོན་པར་བྱེད་པ། ཕྱི་རྒྱལ་སྤྱི་དམངས་ཀྱིས་དགའ་པོ་བྱེད་པ་བཅས་ཀྱི་དཔེ་དེབ་ཡག་པོ་ཁག་གཅིག་བཏོན་ཏེ་དྲང་བདེན་དང་། འབུར་ཐོན། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་འདི་ཉིད་གསོན་ཉམས་དོད་པོས་མཚོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་དང་ས་ཁུལ་ཁྱོན་95ཡི་ཀྲུང་ཕྱིའི་དཔེ་སྐྲུན་ཚོང་དུད་2600ལྷག་ཙམ་ད་རེས་ཀྱི་དཔེ་དེབ་དངོས་མང་སྟོན་ཚོགས་ལ་ཞུགས་ཡོད་པ་རེད།