འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎ཡིའུ་ཆོན་གྱིས་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས། མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་
དང་། བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་19ནས་21ཉིན་བར་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་སི་ཁྲོན་དུ་བརྟག་ཞིབ་གནང་བ་རེད། ཡིའུ་ཆོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     ཡིའུ་ཆོན་ཧུང་ཡོན་རྫོང་གི་རི་ཀན་ཆའོ་གསར་བརྗེའི་རིག་གནས་སློབ་གསོའི་རྟེན་གཞིར་ཕེབས་ནས། དམར་དམག་ན་ཁ་བརྒལ་སྐབས་ཀྱི་དྲན་གསོའི་རྡོ་རིང་མཇལ་བ་མ་ཟད། མེ་ཏོག་སོས་པ་འབུལ་གནང་སྟེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་ཡོད། ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ། གསར་བརྗེའི་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་ཧུར་ཐག་གཏོད་པ་བཅས་བྱས་ནས་ཏང་དང་མི་རིགས་ཁག་གི་མང་ཚོགས་དབར་གྱི་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཡིའུ་ཆོན་སྔ་རྗེས་སུ་ཁྲེང་ཏུའུ་གྲོང་ཁྱེར་དང་རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་མི་རིགས་སྡེ་ཁུལ་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་བཅས་སུ་ཕེབས་ནས། མི་རིགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་སྟེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་གཏོད་བྱེད་སྒོ་ཏན་ཏིག་སྤེལ་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཤུགས་ཆེན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད། ཡིའུ་ཆོན་གྱིས་ཆོས་ལུགས་ལས་དོན་སྐོར་ལ་ཏང་སྲིད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་མི་སྣའི་དབར་བཞུགས་མོལ་གནང་ཞིང་། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཁ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་གཙོ་བོ“ཁྲིད་སྟོན”ལ་བསམ་བློ་གཏིང་ཟབ་དང་གནད་ལ་འཁེལ་པོ་ཡོང་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆོས་ལུགས་ལས་རིགས་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།