འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅།།ཁྲོན་བོད་ལྕགས་ལམ་གྱི་མིག་སྔའི་ལས་རིམ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲོན་བོད་ལྕགས་ལམ་གྱི་མིག་སྔའི་ལས་རིམ།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན། “དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད”ཅེས་པའི་གསར་འགྱུར་དྲ་ཚིགས་ཆེ་གྲས་བོད་ལྗོངས་སུ་བསྐྱོད་པའི་བྱེད་སྒོར་ཞུགས་མཁན་རིགས་གཅིག་མཁས་པ་དང་གསར་འགོད་པ་མཉམ་དུ་ལྷ་ས་གྲོང་ཁྱེར་ནས་ལྷོ་ཁ་གྲོང་ཁྱེར་དུ་བསྐྱོད་པ་རེད། རྩེད་གོང་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་དུས། གསར་འགོད་པས་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལམ་དུམ་གོ་རིམ་ལྡན་པའི་ངང་བསྐྲུན་བཞིན་ཡོད་པ་མཐོང་།  
    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་ལྕགས་ལམ་གྱི་ལམ་དུམ་སྟེ་ལྷ་ས་ནས་ཉིང་ཁྲི་བར་ནི་བོད་རང་སྐྱོང་ལྗོངས་གྱི་ལྟེ་གནས་ལྷ་ས་གྲོང་ཁྱེར་ནས་འགོ་བརྩམས་ཏེ། ཉིང་ཁྲི་གྲོང་ཁྱེར་བར་དུ་ཡིན་ཞིང་། ལམ་ཐག་རིང་ཚད་ལ་སྤྱི་ལེ་435.48ཡོད་ཅིང་། སྔོན་རྩིས་ལྟར་ན་2020ལོའི་ལོ་མཇུག་ཏུ་ལམ་ཐིག་ཡོངས་ཀྱི་སྒྲོམ་གཞི་འདིང་ཐུབ་རྒྱུ་རེད། ཟླ་7ཚེས་19ཉིན་བར། ཉིང་ཁྲི་ས་ཚུགས་དང་། སྣང་རྫོང་ས་ཚུགས། གོང་དཀར་ས་ཚུགས། སྨིན་གླིང་ས་ཚུགས་བཅས་ཀྱི་ཆུ་འོག་གི་ཨར་འདམ་ཕུར་པའི་ཚོད་ལྟ་ལེགས་འགྲུབ་བྱུང་ཟིན་པས། ལྷ་ཉིང་ལམ་དུམ་གྱི་ས་ཚུགས་དངོས་སུ་འཛུགས་སྐྲུན་འགོ་ཚུགས་པ་མཚོན། ཟླ་8ཚེས་2ཉིན། པུ་ཁ་མུའུ་ཕུག་ལམ་ཤར་གཏོང་བྱས་པ་དང་། དེས་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལམ་དུམ་གྱི་ལས་ཀའི་96%འགྲུབ་ཟིན་པ་མཚོན། ཟླ་8པའི་ཟླ་འགོར། ལྷ་ཉིང་ལྕགས་ལམ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་རྩེད་ཐང་གྲོང་རྡལ་བར་དུ་ལྕགས་ལམ་བཏིང་བ་དང་། མ་ལམ་ལ་ལྕགས་ལམ་འདིང་ཚད་20%ལེགས་འགྲུབ་བྱུང་ཟིན་པས། ལྷོ་ཁ་གྲོང་ཁྱེར་སྣེ་གདོངས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། 
    ཁྲོན་བོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་“ལོ་ལྔ་ཚན་གསུམ་”པའི་འཆར་འགོད་ཀྱི་ལས་གཞི་གལ་ཆེན་ཡིན་ལ། མཚོ་བོད་ལྕགས་ལམ་གྱི་རྗེས་སུ། མཚོ་བོད་མཐོ་སྒང་ནས་ནང་ས་རུ་བསྐྱོད་པའི་འགྲོ་ལམ་རྩ་ཆེན་ཞིག་ཡིན། ལམ་ཐིག་ཡོངས་ཀྱི་རིང་ཚད་ནི་སྤྱི་ལེ་1838ཡིན་ཞིང་། དེ་ནི་ཁྲེན་ཏུའུ་ནས་འགོ་བརྩམས་ཏེ། གཡག་རྔ་དང་། དཀར་མཛེས། ཆབ་མདོ། ཉིང་ཁྲི་སོགས་བརྒྱུད་དེ་ལྷ་སར་སླེབས་རྒྱུ་རེད། ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་160ནས་200བར་ཡིན་ཞིང་། སྒུལ་འཁོར་གྱི་མེ་འཁོར་འགུལ་བསྐྱོད་བྱ་རྒྱུ་རེད། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་2500ཡིན་ཞིང་། དེ་ནི་2026ལོར་བསྐྲུན་ཐུབ་རྒྱུ་རེད། ཁྲོན་བོད་ལྕགས་འགྲུབ་རྗེས། ཁྲེན་ཏུའུ་ནས་ལྷ་སའི་བར་གྱི་ལམ་ཐག་ཆུ་ཚོད་13བར་ཉུང་དུ་གཏོང་རྒྱུ་རེད། 
    ཀྲུང་གོར་མཚོན་ན་ལྕགས་ལམ་ནི་དེ་འདྲའི་ལས་ཀ་གསར་པ་ཞིག་མ་རེད། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་ཟླ་8ཚེས་13ཉིན་ཕྱིར་བསྒྲགས་པའི་གྲངས་གཞི་ལ་གཞིགས་ན། 2018ལོའི་ལོ་མཇུག་བར་ཀྲུང་གོའི་རྒྱལ་ཡོངས་སུ་ལྕགས་ལམ་གྱི་ལམ་ཐག་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་13.2སླེབས་ཡོད་པ་དང་། མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ནི་སྤྱི་ལེ་ཁྲི་3ཟིན་ཡོད། མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་ནི་འཛམ་གླིང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་གི་2/3ལས་བརྒལ་ཞིང་། འཛམ་གླིང་གི་ཨང་དང་པོར་གྱུར་ཡོད་པ་མ་ཟད། ད་དུང་འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་དྲ་བ་འགུལ་བསྐྱོད་བྱེད་མཁན་རྒྱལ་ཁབ་གཅིག་པུ་དེ་རེད། 
    ཡིན་ནའང་། ཁྲོན་བོད་ལྕགས་ལམ་ནི་དེ་དག་དང་མི་འདྲ་སྟེ། དེ་ནི་ལས་ཀ་གསར་པ་ཞིག་ཡིན་ཐག་ཆོད་རེད། 
    རྒྱལ་སྤྱིའི་ཐོག་ཀུན་གྱིས་ངོས་འཛིན་གཅིག་མཐུན་བྱུང་བ་ལ། ཁྲོན་བོད་ལྕགས་ལམ་ནི“འཛམ་གླིང་གི་ལས་གྲྭ་ཡོད་ན་མེད་ན་ཞིག་ཡིན་པ་”དང་། “ད་ལྟའི་བར་མིའི་རིགས་ཀྱི་ལོ་རྒྱུས་ཐོག་འགྲན་སློང་ཆེ་ཤོས་དང་། རྙོག་འཛིང་ཆེ་ཤོས་ཀྱི་ལྕགས་ལམ་ལས་གྲྭའི་ལས་གཞི་ཞིག”ཡིན། 2006ལོར་ཀྲུང་གོ་བས་ས་འཁྱགས་པ་སོགས་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་ཁག་སེལ་ནས། མཚོ་བོད་ལྕགས་ལམ་བཟོས་ཡོད་པས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་མི་ཐུབ་པ་ཅི་ཞིག་ཡོད་དམ། 
    ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་མཁན་ཚོས་དཀའ་ངལ་ཁྱད་དུ་བསད་ཅིང་ཇུས་འགོད་ཁྲོད་དུ་ཁྲོན་བོད་ལྕགས་ནི་དུས་རིམ་བཞི་ལ་བགོས་ནས་འཛུགས་སྐྲུན་བྱས་ཡོད་པ་སྟེ། 
    དུས་རིམ་དང་པོ། ཁྲེན་ཏུའུ་ནས་གཡག་རྔའི་བར་གྱི་ལམ་ཐག་ལ་སྤྱི་ལེ་41.184ཡོད། དེ་ནི་2014ལོའི་ལོ་མཇུག་བསྐྲུན་འགོ་བརྩམས་པ་དང་། འཛུགས་སྐྲུན་གྱི་སྤྱིའི་དུས་ཡུན་ནི་ལོ་3ཡིན་ཞིང་2018ལོར་མེ་འཁོར་ཤར་གཏོང་ཐུབ་ཡོད། 
    དུས་རིམ་གཉིས་པ། གཡག་རྔ་ནས་དར་རྩེ་མདོའི་བར་དུ། སྤྱིའི་རིང་ཚད་སྤྱི་ལེ་299.482ཡོད། བྱེད་འཐུས་མིན་ཞིབ་འཇུག་གི་ལས་ཀ་ལེགས་འགྲུབ་བྱུང་ཟིན་པས། འཛུགས་སྐྲུན་གྱི་སྤྱིའི་དུས་ཡུན་ལོ་8རེད། 
    དུས་རིམ་གསུམ་པ། དར་རྩེ་མདོ་ནས་ཉིང་ཁྲིའི་བར་གྱི་ལམ་ཐག་ལ་སྤྱི་ལེ་998.61ཡོད། ལས་གཞིའི་གྲོས་འགོའི་ཡི་གེ་ལེགས་འགྲུབ་བྱུང་ཟིན་ཞིང་། འཛུགས་སྐྲུན་གྱི་སྤྱིའི་དུས་ཡུན་ལོ་8རེད། 
    དུས་རིམ་བཞི་བ། ཉིང་ཁྲི་ནས་ལྷ་སའི་བར་གྱི་ལམ་ཐག་ལ་སྤྱི་ལེ་408.11ཡོད། 2014ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་ལམ་ཐིག་ཡོངས་ཀྱི་ལམ་འདིང་ཐུབ་རྒྱུ་རེད། 
    མིག་སྔར། ཁྲོན་བོད་ལྕགས་ལམ་གྱི་ལམ་དུམ་སོ་སོའི་འཛུགས་སྐྲུན་བདེ་བླག་ངང་འགྲུབ་བཞིན་ཡོད་ཅིང་། ཁྲོན་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་རྗེས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་། མཐའ་མཚམས་བརྟན་ལྷིང་སྲ་བརྟན་དུ་གཏོང་བ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། ཏང་ཀྲུང་དབྱང་གི་བོད་སྐྱོང་ཇུས་འགོད་ལག་ལེན་དོན་འཁྱོལ་ཡོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། 
༄༅།།ཁྲོན་བོད་ལྕགས་ལམ་གྱི་མིག་སྔའི་ལས་རིམ།