འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅༎ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ཐའེ་དབན་ལ་གོ་མཚོན་འཚོང་མཁན་ཨ་རིའི་ཀུང་སིར་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའ་འཕྲིན། ཟླ་8ཚེས་21ཉིན། ཨ་རི་ཕྱོགས་ཀྱིས་ཐའེ་དབན་ལ་གོ་མཚོན་འཚོང་རྩིས་ཡོད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱ་ཐབས་མཐའ་དག་་སྤྱད་ནས་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ཡིན། དེའི་ནང་ད་ཐེངས་ཐའེ་དབན་ལ་གོ་མཚོན་འཚོང་བའི་ནང་ཞུགས་མཁན་ཨ་རིའི་ཀུང་སིར་བཀག་སྡོམ་བྱ་རྒྱུ་ཚུད་ཡོད་ཅེས་བརྗོད་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་པེ་ཅིང་གི་དུས་ཚོད་ཟླ་8ཚེས་21ཉིན་ཨ་རིའི་རྒྱལ་སྲུང་པུས་རྒྱལ་ཚོགས་ལ་ཨ་རི་ཕྱོགས་ཀྱིས་ཐའེ་དབན་ལ་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར་80ཙམ་ཟིན་པའི་F-16རྟགས་ཅན་གྱི་སྔོན་ཐོན་དམག་འཐབ་གནམ་གྲུ་66དང་དེ་བཞིན་འབྲེལ་ཡོད་སྒྲིག་ཆས་བཙོང་ནས་རྒྱབ་སྐྱོར་བྱ་རྒྱུའི་བརྡ་ཐོ་དངོས་སུ་བཏང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀེང་ཧྲོང་གིས་ཨ་རིས་ཐའེ་དབན་ལ་གོ་མཚོན་ཕྱིར་ཚོང་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་ལྷག་པར་དུ“བརྒྱད་པའི་བཅུ་བདུན”གྱི་སྤྱི་བསྒྲགས་ཀྱི་གཏན་འབེབས་དང་ཚབས་ཆེན་འགལ་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་པ་དང་ཀྲུང་གོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཨ་རི་ཕྱོགས་ལ་དྲང་ནན་གྱི་སྐད་ཆ་ཤོད་རྒྱུ་དང་རྒོལ་གཏམ་དྲག་པོ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་ནས་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། དེའི་ནང་ད་ཐེངས་ཐའེ་དབན་ལ་གོ་མཚོན་འཚོང་བའི་ནང་ཞུགས་མཁན་ཨ་རིའི་ཀུང་སིར་བཀག་སྡོམ་བྱ་རྒྱུ་ཚུད་ཡོད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས་“ངེས་པར་དུ་བརྗོད་དགོས་པ་ཞིག་ལ། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་དང་། གཅིག་གྱུར། བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཡིན”ཞེས་བརྗོད་པ་དང་། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་འཕྲལ་དུ་གོང་གསལ་གྱི་ཐའེ་དབན་ལ་གོ་མཚོན་འཚོང་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་ནས་ཐའེ་དབན་ལ་གོ་མཚོན་ཕྱིར་འཚོང་བྱེད་མཚམས་འཇོག་དགོས་པ་དང་། ཨ་རི་དང་ཐའེ་དབན་བར་གྱི་དམག་དོན་འབྲེལ་བ་མཚམས་འཇོག་བྱེད་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན། དེ་ལྟར་མ་བྱས་ན། དེ་ལས་བྱུང་བའི་མཇུག་འབྲས་མཐའ་དག་ཨ་རི་ཕྱོགས་ཀྱིས་འཁུར་དགོས་ཞེས་བརྗོད་པ་རེད།