འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅༎ཧུའུ་ཁྲུན་ཧྭ་ཡིས་ནན་བཤད་གནང་དོན། སྟོབས་ཤུགས་གཅིག་སྡུད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འགག་སྒྲོལ་
མཁར་རྫོང་གང་མགྱོགས་གཏོར་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནུས་ཤུགས་ཡོད་རྒུས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འགག་སྒྲོལ་མཁར་རྫོང་གང་མགྱོགས་གཏོར་ནས་ཤིན་ཏུ་དབུལ་བའི་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་། མགོ་ལོག མཚོ་ལྷོ། རྨ་ལྷོ་ཀྲོའུ་བཅས་ནི་ས་བབ་མཐོ་བའི་བོད་རིགས་ས་ཁུལ་དུ་གནས་ཤིང་། དབུལ་ཞིང་ཕོངས་པ་དང་། རྨང་གཞིའི་ཆ་རྐྱེན་ཞན་པ། དབུལ་པོར་གྱུར་རྐྱེན་རྙོག་འཛིང་ཆེ་བ་བཅས་ཡོད། ཧུའུ་ཁྲུན་ཧྭ་ཡིས་སྔ་རྗེས་སུ་ཡུལ་ཤུལ་གྲོང་ཁྱེར་དང་། རྨ་ཆེན་རྫོང་། འབལ་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་། ཐུན་རིན་རྫོང་བཅས་ཀྱི་ཤང་དང་གྲོང་ཚོ་དབུལ་པོར་ཕེབས་ནས“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་ཀའི་འཕེལ་རིམ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཀྱང་གནང་བ་རེད།
     ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཤིན་ཏུ་དབུལ་བའི་ས་ཁུལ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ནང་གི་དཀའ་གནད་ཅིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་མིན་གྱི་འགག་རྩ་ཞིག་ཀྱང་རེད། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་ཇུས་གཞི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ད་ཡོད་ཀྱི་དམིགས་ཚད་དང་ཚད་གཞིར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ནས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། “འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བྱེད་ཐབས་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་འཛུགས་སྐྲུན་དང་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གནས་སྤོས་མང་ཚོགས་ལ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་དང་རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པ། ཞིང་ཆེན་རིམ་པའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་དབུལ་པོའི་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།