འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅༎བོད་རང་སྐྱོང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་གདན་ཞུའི་འདུ་ཚོགས་འཚོགས་ནས་ལས་གནས་3900ཙམ་མཁོ་འདོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འདི་ལོའི་སློབ་ཐོན་སློབ་མ་བསོད་ནམས་དཔལ་སྒྲོལ་གྱིས་ལས་མི་འདུ་ཚོགས་སུ་ཁེ་ལས་ཀྱི་ལས་མི་བསྡུ་མཁན་དང་སྤེལ་རེས་བྱེད་པ།
འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འདི་ལོའི་སློབ་ཐོན་སློབ་མ་བསོད་ནམས་དཔལ་སྒྲོལ་གྱིས་ལས་མི་འདུ་ཚོགས་སུ་ཁེ་ལས་ཀྱི་ལས་མི་བསྡུ་མཁན་དང་སྤེལ་རེས་བྱེད་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། བོད་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ཤེས་ལྡན་མི་སྣའི་ཆེད་དོན་གདན་ཞུའི་འདུ་ཚོགས་ལྷ་སར་འཚོགས་ཤིང་། མི་སྤྱོད་ཚན་པ་300ལྷག་ཙམ་འདུ་ཚོགས་ལ་ཞུགས་ཏེ་ལས་གནས་3900ཙམ་མཁོ་འདོན་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་འདུ་ཚོགས་ནི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ཏེ་གཉེར་བ་ཞིག་ཡིན་ཞིང་། ཞུགས་མཁན་ཚན་པར་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་མང་པོ་ཞིག་ཡོད་པ་དང་། མཁོ་འདོན་བྱས་པའི་ལས་གནས་ནི་སློབ་གསོ་དང་། དངུལ་རྩ། ཁྲོམ་རའི་བྲིན་ཚོང་། བོད་ལུགས་གསོ་རིག སྲིད་འཛིན་དོ་དམ། ཨར་ལས། གློག་རླངས་ལས་གྲྭ ནོར་དོན་རྩིས་གཉེར། རྩིས་འཕྲུལ་དྲ་རྒྱའི་འདུ་འགོད་སོགས་ཀྱི་ཆེད་ལས་དང་འབྲེལ་བ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་དག་ལས་ཕན་པ་ཐོབ་ནས་བོད་ཀྱི་དཔལ་འབྱོར་འཕར་ཚད་མྱུར་དུ་སོང་བ་དང་། 2019ལོའི་ལོ་སྟོད་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་9%འཕར་ཡོད། ལས་ཞུགས་ཀྱི་གཏིང་ཤུགས་ཟམ་མི་ཆད་པར་འཕེལ་ཞིང་། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་གསལ། 2019ལོར་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་གྲངས་འབོར་23616ཟིན་ནས་ལོ་རྒྱུས་ཀྱི་མང་ཤོས་སུ་སླེབས་པ་དང་། ཟླ་8པའི་བར་ལས་ཞུགས་ཐུབ་ཚད་བཅུ་ཆ་དྲུག་ལྷག་ཙམ་ཟིན་པ་ལས་ཁྲོམ་རར་ལས་ཞུགས་ཐུབ་ཚད་67%ཟིན་ནས་2018ལོའི་དུས་མཚུངས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
     2017ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ཕ་ཡུལ་དུ་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ། ཁྲོམ་རའི་ཐབས་ལམ་བརྒྱུད་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མར་འཚོ་བའི་ཁ་གསབ་དང་སྡོད་ཁང་གི་ཁ་གསབ་སྤྲད་པ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་བསྡུ་མཁན་གྱི་ཁེ་ལས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲད་པ་མ་ཟད། རང་རྟེན་ལས་གཏོད་བྱས་པའི་སློབ་ཆེན་སློབ་མར་མ་དངུལ་གྱི་རོགས་སྐྱོར་བྱེད་པ་དང་། སྐྱེད་ཀ་དམའ་བའི་བུ་ལོན་གཏོང་བ། དེ་བཞིན་རིན་པ་མི་དགོས་པའི་གཞུང་ལས་བསྒྲུབ་ཡུལ་དང་། ཆུ་དང་གློག་སོགས་མཁོ་འདོན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ལས་ཞུགས་བྱེད་པར་སྐུལ་ལྕག་བྱས་པ་རེད།