འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅།།ཀྲུང་གོ་དང་ཁེ་རེ་ཤེ་ཡའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ཐེངས་གཉིས་པ་ཕུན་སུམ་ཚོཌ་པོའི་
ངང་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཟག་རེབ་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། དུས་ཡུན་ཟླ་གཅིག་གི་ཀྲུང་གོ་དང་ཁེ་རེ་ཤེ་ཡའི་ཡུལ་སྐོར་དུས་ཚིགས་ཀྱི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ཐེངས་གཉིས་པ་ཉེ་ཆར་མཇུག་འགྲིལ་ཞིང་། ཁེ་རེ་ཤེ་ཡའི་ནང་སྲིད་པུའུ་དང་ཡུལ་སྐོར་པུས་དེ་ཉིན་ཆེད་མངགས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མཉམ་འབྲེལ་སྐོར་གཡེང་གི་གྲུབ་འབྲས་ཕྱོགས་སྡོམ་བྱས་ཏེ་ད་རེས་ཀྱི་མཉམ་འབྲེལ་སྐོར་གཡེང་ནི“ཕན་ཐོགས་ཡོད་པ”དང“གྲུབ་འབྲས་ཐོབ་པ”ཞིག་རེད་ཅེས་བསྔགས་བརྗོད་ཆེན་པོ་བྱས་ཡོད།
     རྒྱལ་ཁབ་ཁག་གི་ཡུལ་སྐོར་བའི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་དང་ཡུལ་སྐོར་ལས་རིགས་རྒྱུན་མཐུད་དར་རྒྱས་ཡོང་ཆེད། ཁེ་རེ་ཤེ་ཡས་2006ལོར“བདེ་འཇགས་ཡུལ་སྐོར་དུས་ཚིགས”ཀྱི་རྣམ་གྲངས་ལག་ལེན་བསྟར་ཏེ་རྒྱལ་ཁབ་མང་པོའི་ཉེན་རྟོག་ཕྱོགས་དང་མཉམ་དུ་དབྱར་དུས་སུ་མཉམ་འབྲེལ་སྐོར་གཡེང་བྱས་པ་དང་། ད་བར་རྒྱལ་ཁབ་20ལྷག་ཙམ་ནས་ཡོང་བའི་ཉེན་རྟོག་པས་ཁེ་རེ་ཤེ་ཡ་ཕྱོགས་དང་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱས་ཡོད། 2018ལོར་ཀྲུང་གོའི་ཉེན་རྟོག་དཔོན་དྲུག་གིས་ཁེ་རེ་ཤེ་ཡར་ཐོག་མར་བསྐྱོད་ནས་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ནང་ཞུགས་པ་ནས་བཟུང་ཀྲུང་གོ་ཉིད་ཉེན་རྟོག་པ་ཁེ་རེ་ཤེ་ཡར་མཉམ་འབྲེལ་སྐོར་གཡེང་ནང་གཏོང་མཁན་ཨེ་ཤེ་ཡའི་རྒྱལ་ཁབ་དང་པོ་དེར་གྱུར་ཡོད།
     འདི་ལོའི་ཟླ་བདུན་པར་ཅང་སུའུ་ཞིང་ཆེན་ཡང་ཀྲོའུ་གྲོང་ཁྱེར་གྱི་ཉེན་རྟོག་དཔོན་8ཀྱིས་ཁེ་རེ་ཤེ་ཡའི་རྒྱལ་ས་ཟག་རེབ་དང་། ཀྲ་ཏར། ཏུའུ་པུའུ་ལུའོ་ཧྥུའུ་ཉི་ཁེ། ཕུའུ་ལི་ཐེ་ཝེ་ཚའེ་མཚེའུ་མང་བའི་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་ནས་མཉམ་འབྲེལ་སྐོར་གཡེང་བྱས་པ་དང་། ཁེ་རེ་ཤེ་ཡའི་ཉེན་རྟོག་ཕྱོགས་ལ་ཀྲུང་གོའི་ཡུལ་སྐོར་བའི་བདེ་འཇགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཀྲུང་གོའི་ཡུལ་སྐོར་བ་དང་ཁེ་རེ་ཤེ་ཡའི་ཉེན་རྟོག་ཕྱོགས་འབྲེལ་བ་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།
     ཀྲུང་གོ་ཕྱོགས་ཀྱི་མཉམ་འབྲེལ་སྐོར་གཡེང་ཉེན་རྟོག་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཞུའེ་ཆང་གིས་གསར་འགོད་པར་བརྗོད་དོན། ད་རེས་ཀྱི་མཉམ་འབྲེལ་སྐོར་གཡེང་ལ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཡོད། དཔེར་ན། ཆུ་ཚོད་24ཡི་རྒྱ་སྐད་ཀྱི་ཉེན་དོན་ཐད་སྦྲེལ་ཁ་པར་བཙུགས་པ་དང་ཀྲུང་གོ་ཕྱོགས་ཀྱི་ཉེན་རྟོག་དཔོན་གྱིས་ཀྲུང་གོའི་ཡུལ་སྐོར་བའི་རོགས་སྐྱོབ་ཁ་པར་ལེན་གྱི་ཡོད། དེ་དང་ཆབས་ཅིག་རྒྱལ་ས་ཟག་རེབ་དང་དེ་བཞིན་ཀྲ་ཏར་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་རང་འགུལ་ངང་འཚམས་འདྲིར་བསྐྱོད་པ་དང་། ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་དང་སྡེ་ཁུལ་གྱི་བུ་བཅོལ་ཁང་དུ་བསྐྱོད་ནས་ཡུལ་དེའི་མི་དམངས་ཀྱིས་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ལ་རྒྱུས་ལོན་ཚད་སྔར་ལས་ཆེ་རུ་འགྲོ་རྒྱུའི་རེ་བ་བྱས་ཡོད། ཁེ་རེ་ཤེ་ཡའི་ཉེན་རྟོག་པ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་ཆེད། ཉེན་རྟོག་དཔོན་རྣམས་ཀྲུང་གོའི་ཚོང་པའི་འཚོ་བ་ཉམས་ལེན་བྱེད་པར་གདན་དྲངས་པ་མ་ཟད། ཀྲུང་གོའི་ཚོང་པ་སྒྲིག་འཛུགས་བྱས་ནས་ཉེན་རྟོག་ཕྱོགས་ཀྱི་སྐོར་གཡེང་ནང་ཞུགས་སུ་འཇུག་པ་སོགས་བྱས་ཡོད། གཞན་ཡང་ཀྲུང་གོའི་ཡུལ་སྐོར་བའི་རྒྱུ་དངོས་རྐུ་ཤོར་བའི་གནས་ཚུལ་ལ་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱི་མཉམ་འབྲེལ་སྐོར་གཡེང་ཉེན་རྟོག་རུ་ཁག་གིས་བདེ་འཇགས་ཀྱི་ཉེན་ཟོན་ཆ་འཕྲིན་གལ་ཆེན་ཚུད་པའི་རྩ་གཉིས་ཨང་རྟགས་བཏོན་པ་མ་ཟད། དེ་ཉིད་ཡུལ་སྐོར་དྲིལ་བསྒྲགས་ལག་དེབ་ཐོག་སྦྱར་ཡོད།
     བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་གཅིག་ལྷག་ཙམ་རིང་། མཉམ་འབྲེལ་སྐོར་གཡེང་ཉེན་རྟོག་རུ་ཁག་ལ་ཀྲུང་གོའི་ཡུལ་སྐོར་བ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་རོགས་སྐྱོབ་ཁ་པར་10ལྷག་ཙམ་འབྱོར་བའི་ཁྲོད་རྒྱུ་དངོས་རྐུ་ཤོར་བའི་ཁ་པར་9དང་མི་སྒེར་གྱི་རོགས་སྐྱོབ་ཁ་པར་1ཚུད་ཡོད། གཞན་ཡང་ལམ་ཡིག་2དང་བོར་དངོས་3འཚོལ་རོགས་བྱས་ཡོད། ཆུ་ཚོད་24ཡི་རྒྱ་སྐད་ཀྱི་ཉེན་དོན་ཐད་སྦྲེལ་ཁ་པར་གྱིས་ཀྲུང་གོའི་ཡུལ་སྐོར་བ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་གྱོད་དོན་སྙན་སེང་ཞུ་དཀའ་བའི་གནད་དོན་བསལ་ནས་ཉེན་དོན་སྙན་སེང་ཞུ་མཁན་གྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།