འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅༎ཕྱི་འབྲེལ་པུས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨུ་རུ་སུར་བྱ་ངན་སྤེལ་པ་དེ་ཤང་ཀང་དུ་བྱས་པ་དང་གཅིག་པ་རེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཕྱི་ཕྱོགས་སྟོབས་ཤུགས་འགའ་ཞིག་གིས་ཨུ་རུ་སུར་སྤེལ་བའི་བྱ་ངན་དེ་ཁོ་ཚོས་ཉེ་དུས་ཀྲུང་གོའི་ཤང་ཀང་དུ་སྤེལ་བའི་བྱ་སྤྱོད་དང་གཅིག་པ་རེད། དེ་ནི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་དཔེ་མཚོན་ཅན་གྱི་བྱ་སྤྱོད་དང་བཙན་དབང་རིང་ལུགས་ཀྱི་མཚོན་ཚུལ་རེད་ཅེས་བརྗོད།
    ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། མོ་སི་ཁོར་ཉེ་དུས་ཁྲོམ་སྐོར་རབ་དང་རིམ་པ་ཞིག་ཐོན་ཡོད། ཨུ་རུ་སུར་བཅའ་སྡོད་བྱེད་པའི་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་གིས་གཞུང་ཕྱོགས་དྲ་ཚིགས་ཐོག“ཨུ་རུ་སུའི་དབང་འཛིན་ལས་ཁུངས་ཀྱིས་སྤྱི་དམངས་ཀྱིས་རང་མོས་གཞུང་དྲང་གི་འདེམས་བསྐོ་བརྒྱུད་ཞི་བའི་འདུ་འཛོམས་དང་གཞི་རྩའི་དབང་ཆ་སྤྱོད་རྒྱུར་མུ་མཐུད་ཚོད་འཛིན་བྱས་པ་རེད”ཅེས་བཤད་པ་མ་ཟད། མོ་སི་ཁོའི་ཁྲོམ་སྐོར་ལམ་ཐིག་རི་མོ་སྦྱར་ཞིང་རྔམ་སྟོན་འདུ་འཛོམས་བྱ་ཡུལ་ལ་རྟགས་བརྒྱབ་ནས་བཏོན་འདུག། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝས་ཨུ་རུ་སུར་བཅའ་སྡོད་བྱེད་པའི་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་གིས་ཆོག་མཆན་ཐོབ་མེད་པའི་འདུ་ཚོགས་བྱེད་སྒོའི་ནང་ཞུགས་པའི་དཔང་རྟགས་ཡོད་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུའི་ལངས་ཕྱོགས་དང་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད། ཉེ་དུས་མོ་སི་ཁོ་རུ་ཁྲིམས་འགལ་གྱི་ཁྲོམ་སྐོར་ཐེངས་མང་ཐོན་པ་དང་། ཨུ་རུ་སུའི་སྲིད་གཞུང་གིས་བྱ་ཐབས་སྤྱད་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ་རེད། དེར་བཅའ་ཁྲིམས་ཀྱི་ཁུངས་བཙན་པོ་ཡོད། འོན་ཀྱང་མི་སེམས་ལྷོང་བར་བྱེད་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་སྐབས་འདིར་བྱུང་རྒྱལ་དུ་སྐྱོན་འཛུགས་བྱས་པ་དང་“བྱ་སྤྱོད་ཆུང་ཆུང་”སྤེལ་གྱི་ཡོད། “ཨུ་རུ་སུས་བརྗོད་པ་ཇི་བཞིན་དེ་ནི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དཔེ་མཚོན་ཅན་གྱི་བྱ་སྤྱོད་དང་། བཙན་དབང་རིང་ལུགས་ཀྱི་མཚོན་ཚུལ་རེད་”ཅེས་བརྗོད།
    ཀེང་ཧྲོང་གིས་“ཕྱི་ཕྱོགས་སྟོབས་ཤུགས་འགའ་ཞིག་གིས་ཨུ་རུ་སུར་སྤེལ་བའི་བྱ་ངན་དེ་ཁོ་ཚོས་ཉེ་དུས་ཀྲུང་གོའི་ཤང་ཀང་དུ་སྤེལ་བའི་བྱ་སྤྱོད་དང་གཅིག་པ་རེད་”ཅེས་བཤད།
    ཁོང་གིས་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཉེ་ཆར་ཤང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་ནི་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་ཐོག་གི་ཐེ་ཇུས་ཙམ་མིན་པར་ཀྲུང་གོ་བཀག་འགོག་བྱ་ཆེད་ཁོང་ཚོས་ཐབས་ངན་མི་སྤྱོད་དགུ་སྤྱོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། རྣམ་འགྱུར་འདིས་རྒྱལ་ཁབ་ཁ་ཤས་ཀྱིས་ཤང་ཀང་གི་གཏུམ་སྤྱོད་བྱེད་སྒོའི་ནང་འཁྲབ་པའི་གཟི་བརྗིད་མིན་པའི་ཆ་དེ་བསྟན་ཡོད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་གཏུམ་སྤྱོད་དོན་རྐྱེན་ལ་ངན་སྐུལ་བྱས་ཏེ་ཤང་ཀང་གི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ལྐོག་གཡོ་ངོ་མ་ཐེར་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་མཐའ་གཅིག་ཏུ་མོས་མཐུན་བྱེད་པ་མ་ཟད་ཚད་མཐོའི་གདེང་འཇོག་ཀྱང་བྱེད་ཀྱི་ཡོད།
    ཀེང་ཧྲོང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་སྒྲིག་ལམ་སྲུང་སྐྱོང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་ཐད་ལ་ཐུན་མོང་གི་ཁེ་ཕན་དང་རེ་ཞུ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་གཞིགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་བྱེད་པ་དང་ཕན་ཚུན་སློབ་སྦྱོང་བྱེད་པ། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་མཉམ་ལས་དམ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།