འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅༎ཨ་རིས་རྒྱུན་གཏན་གྱི་སྐམ་འཐབ་འབེན་འཚོལ་འཕུར་མདའ་ཞིག་ཚོད་འཕེན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་19ཉིན། ཨ་རིའི་རྒྱལ་སྲུང་པུས་གསལ་བསྒྲགས་སྤེལ་ནས་ཚེས་18ཉིན་ཨ་རིས་ཅ་ལི་ཕུའུ་ཉི་ཡ་མངའ་སྡེར་རྒྱུན་གཏན་གྱི་སྐམ་འཐབ་འབེན་འཚོན་འཕུར་མདའ་ཚོད་འཕེན་བྱས་ཡོད་ཅེས་བརྗོད་པ་རེད། འདི་ནི་ཨ་རིས་《སུའུ་ལེན་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་བར་ཐག་འབྲིང་ཐུང་གི་འཕུར་མདའ་མེད་པ་བཟོ་བའི་ཆིངས་ཡིག་》(བསྡུས་མིང་ལ་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ཅེས་འབོད་)ནས་ཕྱིར་འཐེན་བྱས་རྗེས་ཆིངས་ཡིག་དེས་ཚོད་འཛིན་བྱས་པའི་འཕུར་མདའ་ཚོད་འཕེན་བྱེད་ཐེངས་དང་པོ་ཡིན་པ་ཡོངས་བསྒྲགས་བྱས་པ་རེད།
     གསལ་བསྒྲགས་ནང་། ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་30ཡི་ཐོག ཨ་རིས་ཅ་ལི་ཕུའུ་ཉི་ཡ་མངའ་སྡེའི་ཧྲེང་ཉི་ཀུའུ་ལ་སི་གླིང་ཕྲན་དུ་རྒྱུན་གཏན་གྱི་སྐམ་འཐབ་འབེན་འཚོལ་འཕུར་མདའ་ཚོད་འཕེན་བྱས་ཡོད། འཕུར་མདའ་དེ་སྤྱི་ལེ་500ལྷག་ཙམ་འཕུར་རྗེས་དམིགས་འབེན་ལ་ཕོག་ཡོད་ཅེས་བརྗོད་ཡོད། ད་ཐེངས་ཚོད་འཕེན་བྱས་པ་ལས་ཐོབ་པའི་གྲངས་གཞི་རྣམས་འབྱུང་འགྱུར་ཨ་རིའི་འབྲིང་རིམ་འཕུར་མདའ་ཞིབ་འཇུག་གསར་སྤེལ་ཐད་སྤྱོད་རྒྱུ་ཡིན་པ་རེད།
     1987ལོར་སུའུ་ལེན་དང་ཨ་རིས་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག་》ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་འཕེན་ཐག་སྤྱི་ལེ་500ནས་སྤྱི་ལེ་5500བར་གྱི་སྐམ་འཐབ་འབེན་འཚོལ་འཕུར་མདའ་དང་མདེལ་ལམ་འཕུར་མདའ་དང་དེ་བཞིན་དེའི་འཕེན་གཏོང་སྒྲིག་ཆས་ཉར་བ་དང་། ཐོན་སྐྱེད་དང་ཚོད་ལྟ་མི་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། ད་ལོའི་ཟླ་2པར། ཨ་རིས་ཕྱོགས་རྐྱང་ངང་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ནས་ཕྱིར་འཐེན་བྱེད་པའི་གོ་རིམ་སྤེལ་འགོ་ཚུགས་པ་རེད། ཟླ་8ཚེས་2ཉིན། ཨ་རི་དང་ཨུ་རུ་སུ་གཉིས་ཀས《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》ཉིན་དེ་ནས་བཟུང་ནུས་པ་མེད་པར་འགྱུར་བ་ཁྱབ་བསྒྲགས་བྱས་པ་རེད། དེ་ཉིན། ཨ་རིའི་རྒྱལ་སྲུང་པུས་ཕྱོགས་ཡོངས་ནས་དེ་གོང་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》གི་ཚོད་འཛིན་ཕོག་པའི་རྒྱུན་གཏན་གྱི་འབྲིང་འཕེན་འཕུར་མདའ་ཞིབ་འཇུག་གསར་སྤེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།