འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅༎ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་བོད་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་
ཚོགས་འདུ་ལྷ་སར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ད་ཆ་མི་ཁྲི་290.38གྱི་འཐེན་བཤེར་ལས་དོན་ལེགས་གྲུབ་བྱུང་ནས་ལྗོངས་ཡོངས་ཀྱི་ལོ་2ཡན་གྱི་མི་ཚོགས་ལ་འཐེན་བཤེར་ཡོངས་སུ་ཁྱབ་པ་དང་ཆབས་ཅིག་ཐུམ་འབུའི་ནད་ཕོག་པའི་ནད་པར“བཅོས་གང་ཐུབ་དང་དོ་དམ་གང་ཐུབ”བྱུང་ཡོད། རིམ་རྩིས་ལྟར་ན། ནད་པ་5017གཤགས་བཅོས་སྐྱོབ་བཅོས་བྱས་ཡོད།
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2019ལོའི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་བོད་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་བོད་རིགས་ས་ཁུལ་ནས་ཡོང་བའི་འཕྲོད་བསྟེན་བདེ་ཐང་དང་། ཞིང་ལས་གྲོང་གསེབ། ནད་ཡམས་ཚོད་འཛིན་སོགས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་སྡེ་ཚན་གྱིས་ཉམས་མྱོང་མཉམ་སྤྱོད་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱས་ནས“སྲིན་སྐྲན”ནུས་ལྡན་བཅོས་རྒྱུ་རེད།
     ཐུམ་འབུའི་ནད་ལ“སྲིན་སྐྲན”ཞེས་རྗོད་སྲོལ་ཡོད་པ་དང་། དེ་ནི་མི་ཕྱུགས་མཉམ་ཕོག་གི་གཞན་རྟེན་སྲིན་འབུའི་ནད་ཅིག་རེད། ནད་གཞི་དེ་ཕོག་ནས་ལོ་བཅུའི་ནང་འཆི་ཚད་94%ཟིན་ཡོད། བོད་ལྗོངས་ནི་ཀྲུང་གོ་ཙམ་མ་ཟད་འཛམ་གླིང་དུ་ཐུམ་འབུའི་ནད་མང་ཤོས་མཆེད་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་མཆེད་པའི་ནད་རིག་བརྟག་དཔྱད་མི་ཚོགས་ཁྲོད་ནད་གཞི་ཕོག་ཚད1.66%ཟིན་ཡོད། ནད་གཞི་དེ་བོད་དུ་ཁྱབ་རྒྱ་ཆེ་བ་དང་། ཕོག་ཚད་མཐོ་བ། ཕོག་མཁན་མང་བ་བཅས་ཡོད་པས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོར་རང་ལོག་བྱེད་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་རེད་ལ། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ཐོན་སྐྱེད་ནུས་པར་གནོད་འཚེ་ཚབས་ཆེན་བཟོ་བའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཚབས་ཆེན་ཞིག་ཀྱང་རེད།
     བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བྱ་ཐབས་མང་པོ་མཉམ་དུ་སྤྱད་པ་བརྒྱུད། ད་ཆ་མི་ཁྲི་290.38གྱི་འཐེན་བཤེར་ལས་དོན་ལེགས་གྲུབ་བྱུང་ནས་ལྗོངས་ཡོངས་ཀྱི་ལོ་2ཡན་གྱི་མི་ཚོགས་ལ་འཐེན་བཤེར་ཡོངས་སུ་ཁྱབ་པ་དང་ཆབས་ཅིག ཐུམ་འབུའི་ནད་ཕོག་པའི་ནད་པར“བཅོས་གང་ཐུབ་དང་དོ་དམ་གང་ཐུབ”བྱས་ཡོད། རིམ་རྩིས་ལྟར་ན། ནད་པ་5017གཤགས་བཅོས་སྐྱོབ་རོགས་བྱས་པ་དང་། མིག་སྔའི་བར། གཤགས་བཅོས་དང་ལེན་དང་སྨན་སྤྲོད་སྨན་བཅོས་སོགས་ཀྱི་བྱ་ཐབས་སྤྱད་པས་ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་མང་པོ་ཐོན་པའི་གནས་ཚུལ་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་ཡོད།