འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།གཞིས་ཆགས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་བཞག་པ།

—— ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་21པས་ལས་དོན་བསྒྲུབས་པའི་སྐོར་གྱི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ས་ཁ་ནས་གློག་འཕྲིན་འབྱོར་གསལ། ཙན་པི་ཡའི་རྒྱལ་ས་ལུ་ས་ཁར་གནས་པའི་ཀྲུང་ཙན་མཛའ་གྲོགས་སྨན་ཁང་གི་ཐོག་སོ་གཉིས་པའི་གཤགས་བཅོས་ཁང་དུ་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྦྲིད་ལས་སྨན་པ་ཝུའེ་གཡུས་ཅེ་དང་ཀྲང་ཅིང་ལེང་གིས་ནད་པར་དབུགས་འབྱིན་རྔུབ་ཡོ་ཆས་གཡོགས་ཏེ་སྦྲིད་སྨན་རྒྱག་འགོ་ཚུགས་པ་དང་། སྨན་བཅོས་རུ་ཁག་གི་རུ་དཔོན་མཱ་ཁྲའོ་དང་གཅིན་ཟགས་ཕྱི་ཚན་གྱི་སྨན་པ་ལི་ཅི་ཧྭས་གསུས་ཤེལ་ཐོག་དུག་སེལ་སྲུང་ཤུབས་གཡོགས་རྗེས་འགྲམ་དུ་ཡོད་པའི་ལྟ་སྲུང་ཡོ་ཆས་ཀྱི་བརྙན་ཤེལ་ལ་ལྡིར་ནས་གཤགས་བཅོས་བྱེད་འགོ་ཚུགས། ཆུ་ཚོད་གཅིག་ལྷག་ཙམ་སོང་རྗེས་རྨ་ཆུང་ལག་རྩལ་ལ་བརྟེན་ནས་ཙན་པི་ཡའི་ནད་པ་དེར་མཚན་མའི་སྡོད་རྩ་བསྡམས་པའི་གཤགས་བཅོས་ལེགས་གྲུབ་བྱུང་བ་རེད།
    “དེ་ནི་གཤགས་བཅོས་ཆུང་ཆུང་ཞིག་ཡིན་པས། དཀའ་ལས་དེ་ཙམ་མེད”ཅེས་གཤགས་བཅོས་ཟིན་རྗེས་ལི་ཅི་ཧྭས་ངལ་གསོའི་དུས་ཚོད་ཕྲན་བུ་དེ་སྤྱད་ནས་གསར་འགོད་པ་དང་གླེང་མོལ་ཅུང་ཙམ་བྱས་རྗེས་སླར་ཡང་གཤགས་བཅོས་རྗེས་མ་དེའི་གྲ་སྒྲིག་བྱེད་པར་བསྐྱོད།
     ཉིན་འགའི་སྔོན་དུ། ཙན་པི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་སྤྱིར་བཏང་ཕྱི་ཚན་དང་སྦྲིད་ལས་ཚོགས་པས་མཉམ་ལས་དམ་ཟབ་བྱས་ཏེ་གསུས་ཤེལ་སྤྱད་ནས་མཁྲིས་པ་འགོག་པ་སོགས་སྨན་ཁང་དེའི་གཤཌ་བཅོས་ཐོག་མ་དེ་བྱས་པ་དང་། རྨ་ཆུང་ལག་རྩལ་ལ་བརྟེན་ནས་ཙན་པི་ཡའི་ནད་པའི་སྡུག་བསྔལ་བསལ་ཡོད།
     བསྡོམས་རྩིས་བྱས་པར་གཞིགས་ན། ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་21པས་ཟླ་བདུན་པའི་ཟླ་འགོར་ལས་དོན་སྒྲུབ་འགོ་ཚུགས་ཚུན་ནད་པ་མི་ཐེངས་3000ལྷག་ཙམ་ལ་སྨན་བཅོས་དང་གཤགས་བཅོས་ཐེངས་བརྒྱ་ཙམ་བྱས་ཡོད།
    “ང་ཚོའི་སྨན་ཁང་ལ་ཀྲུང་གོའི་སྨན་པ་13ཡོད། ཁོང་ཚོ་སླེབས་རྗེས་ལམ་སེང་ལས་དོན་ཁྲོད་ཞུགས་ནས། དཀའ་ཚེགས་ཆེ་བའི་གཤགས་བཅོས་ཁག་གཅིག་བདེ་བླག་ངང་བྱས་ཡོད”ཅེས་ཀྲུང་ཙན་མཛའ་གྲོགས་སྨན་ཁང་གི་ཡོན་ཀྲང་ཐེང་པོས་དེ་ལྟར་བརྗོད་པ་དང་ཁོང་གིས“ཀྲུང་གོའི་སྨན་པས་ས་ཐག་རིང་པོར་མ་འཛེམས་པར་ང་ཚོར་རོགས་རམ་བྱེད་པར་ཡོང་བ་དང་། ཁོང་ཚོའི་ལས་བཀུར་གྱི་སྙིང་སྟོབས་དང་ཆེད་ལས་ལག་རྩལ་ལ་ང་ཚོས་སློབ་སྦྱོང་ཞུ་འོས་པ་ཞིག་འདུག”ཅེས་བརྗོད།
    “རྒྱུན་གཏན་གྱི་སྨན་བཅོས་ལས་དོན་ཕུད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ད་དུང་ང་ཚོར་སྨན་དོན་མི་སྣ་གསོ་སྦྱོང་བྱེད་རོགས་བྱེད་ཀྱི་ཡོད། དུས་ཐེངས་དང་པོའི་གསུས་ཤེལ་གསོ་སྦྱོང་འཛིན་གྲྭར་ང་ཚོའི་སྨན་ཁང་གི་སྨན་པ་10ཞུགས་ཡོད”ཅེས་ཐེང་པོས་གསར་འགོད་པར་དེ་ལྟར་བརྗོད།
     མཱ་ཁྲའོ་ཡིས“སློབ་ཁྲིད་གསོ་སྦྱོང་གི་ལས་སྟེགས་བཙུགས་པ་ཕུད། ད་དུང་ང་ཚོས་སྨན་བཅོས་ལམ་ལུགས་དང་། སྨན་བཅོས་ཚད་གཞི། བདེ་ཐང་གི་འདུ་ཤེས་སོགས་ཐད་ཙན་པི་ཡར་རོགས་སྐྱོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
     1978ལོ་ནས་བཟུང་། ཀྲུང་གོ་སྲིད་གཞུང་གིས་ཙན་པི་ཡར་སྨན་བཅོས་རུ་ཁག་ཁག་21དང་སྨན་དོན་མི་སྣ་574བཏང་ཡོད། ཁོང་ཚོས་དཀའ་སྡུག་ལ་མི་སྐྲག་པར་ལེགས་སྐྱེས་འབུལ་སྤྲོ་བའི་སྙིང་སྟོབས་ཐོག་ནས་ཙན་པི་ཡའི་ནད་པ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། གཤགས་བཅོས་སྣ་ཚོགས་ཁྲི་2ལྷག་ཙམ་བྱས་པ། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་700ལྷག་ཙམ་ནང་འདྲེན་དང་ལག་བསྟར་བྱས་ཡོད།
     ཀྲུང་ཙན་མཛའ་གྲོགས་སྨན་ཁང་འགྲམ་དུ། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་རྒྱས་སྐྲུན་སྨན་ཁང་སྐྲུན་བཞིན་ཡོད་པ་དང་། ལས་ཡུལ་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་རེད།