འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅༎གཙང་གསུམ་ཆུ་འགོར་བསྐྱོད་ནས་གསོན་ཉམས་དོད་པའི་རང་བྱུང་སློབ་གསོའི་སློབ་ཚན་ཉམས་སུ་མྱོང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་12ནས་ཚེས་14ཉིན་བར། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རང་བྱུང་ལ་དགའ་ཞེན་བྱེད་མཁན་31ལས་གྲུབ་པའི་དཔུང་ཁག་10ཡིས་ས་བབ་སྨི་4200ཡི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་རྒྱ་ཐང་རྩྭ་ཐང་དུ་འཛོམས་ཏེ། “2019ལོའི་རྒྱ་ཐང་རང་བྱུང་རྟོག་ཞིབ་དུས་ཆེན”ལ་ཞུགས་པ་རེད། དུས་ཡུན་ཉིན་གསུམ་གྱི་འགྲན་བསྡུར་རིང་རང་བྱུང་ལ་དགའ་ཞེན་བྱེད་མཁན་ཚོས་དམིགས་བསལ་གྱི་མཐོང་ཚོར་ལ་བརྟེན་ནས་ཆུ་འགོའི་སྣོད་བཅུད་ལ་ལྟ་ཞིབ་བྱས་ཤིང་། ཁོང་ཚོས་པར་ལེན་དང་ཐོ་འགོད་ཀྱི་བྱེད་ཐབས་ཐོག་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་མིང་ཐོར་བཀོད་པ།
     ཚེས་13ཉིན་གྱི་ཞོགས་པར། ཀོང་ཤིས་ནན་ཉིང་ནས་ཡིན་པའི་སྐྱེ་དངོས་རིག་པའི་དགེ་རྒན་ཧོང་ཡུང་ཆིས་འབྲོག་པའི་ལམ་སྟོན་འོག་པེ་ལུང་རོང་དུ་ལྟ་ཞིབ་དང་པར་ལེན་བྱེད་སྐབས་གནའ་བ་ཁྱུ་ཡིས་བྲག་ལ་འཛེགས་ནས་ཟས་འཚོལ་བ་མཐོང་། ཧོང་ཡུང་ཆིས“གནའ་བས་གཡང་གཟར་བྲག་ལ་འཁོན་འཁོན་ཐོགས་ཐོགས་མེད་པར་ཡར་འཛེགས་མར་བབ་བྱེད་པ་མཐོང་སྐབས་ཧ་ལས་ཧང་སངས་བྱུང”ཞེས་བཤད།
     ཧུའུ་པེ་ཝུའུ་ཧན་ནས་ཡིན་པའི་རང་བྱུང་སློབ་གསོའི་ལས་དོན་པ་ཀྲང་ཧུའེ་མིན་གྱི་ཡིད་དབང་ས་མཐོའི་སྐྱེ་དངོས་སྣ་ཚོགས་ཀྱིས་རྦད་དེ་འཕྲོག “སྔོན་མ་བརྙན་འཕྲིན་དང་དཔེ་དེབ་ནང་ནས་མ་གཏོགས་མཐོང་རྒྱུ་མེད་པའི་གཅན་གཟན་དང་རི་དྭགས་འདི་དག་ད་རེས་དངོས་སུ་མཐོང་བྱུང”ཀྲང་ཧུའེ་མིན་གྱིས་འདས་པའི་ཉིན་གཉིས་ནང་ང་ཡོད་སའི་དཔུང་ཁག་གིས་འདབ་ཆགས་རིགས་41དང་། གཅན་གཟན་དང་རི་དྭགས་རིགས་8 རྩི་ཤིང་རིགས་51བཅས་ཐོ་འགོད་བྱས་ཡོད་ཅེས་བཤད།
     “སྲོག་ཆགས་དང་མིའི་དབར་གྱི་བདེ་འཇགས་བར་ཐག་ལས་ས་གནས་དེ་གར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང”ཧྲེན་ཀྲེན་ནས་ཡིན་པའི་རང་བྱུང་ལ་དགའ་ཞེན་བྱེད་མཁན་ཀེ་ཙེང་མིང་གིས་ད་རེས་རི་ཐང་དུ་བརྟག་ཞིབ་བྱེད་རིང་ང་དང་འུག་པ་གཅིག་དབར་བར་ཐག་ཐུང་ཤོས་སྨི་2ལས་མེད་པ་དང་གནའ་བ་དང་བར་ཐག་སྨི་10ལྷག་ཙམ་ལས་མེད་ཅེས་བཤད།
     རི་ཆུ་དང་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་ཧན་ཞུའེ་སུང་གིས“ས་གནས་དེ་གའི་བོད་རིགས་སྣེ་ཤན་པས་རླངས་འཁོར་གཏོང་སྐབས་མདུན་དུ་འདབ་ཆགས་སམ་ཡང་ན་སྲོག་ཆགས་ཆུང་གྲས་ཡོད་པ་མཐོང་མ་ཐག་རླངས་འཁོར་དལ་དུ་གཏོང་བ་དང་འབྲེལ་དུང་བརྡ་ཡང་གཏོང་བ་དེ་ཐོག་ནས་ཚེ་སྲོག་ལ་བརྩི་མཐོང་བྱེད་པའི་བོད་རིགས་མང་ཚོགས་ཀྱི་བསམ་པའི་འཁྱེར་སོ་མཚོན་གྱི་འདུག”ཅེས་བཤད།
     ཀྲང་ཧུའེ་མིན་གྱིས“ཝུའུ་ཧན་དུ་ལོག་རྗེས་ད་རེས་བརྟག་ཞིབ་བྱས་པར་བརྟེན་ནས་གཙང་གསུམ་ཆུ་འགོ་ཁུལ་ལ་ཞིབ་འཇུག་དང་། སློབ་སྦྱོང་། ལྟ་ཞིབ་བཅས་ཀྱི་སློབ་ཚན་ཞིག་ཇུས་འགོད་བྱས་ཏེ། ནང་སའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་གཙང་གསུམ་ཆུ་འགོ་ཁུལ་གྱི་སྐྱེ་དངོས་སྣ་ཚོགས་ཤེས་རྟོགས་བྱེད་པའི་འབྲེལ་ཟམ་ཞིག་བཙུགས་ནས་རང་བྱུང་ལ་དགའ་ཞེན་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཕྲུ་གུ་ཚོའི་འདུ་ཤེས་ཟབ་ཏུ་གཏོང་རྩིས་ཡོད”ཅེས་བཤད།