འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཐག་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཐག་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཐག་གཅོད་ཀྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཟོས་ནས་ཞིང་སྨན་ཐུམ་སྒྲིལ་གྱི་གནོད་མེད་ཐག་གཅོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
    ཚེས་16ཉིན། ནང་སོག་པ་ཡན་ཀྲོ་ཨར་གྲོང་ཁྱེར་དུ་གཉེར་བའི་རྒྱལ་ཡོངས་བྱང་ཕྱོགས་ཞིང་ལས་གནོད་མེད་ཐོན་སྐྱེད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་ས་གནས་ས་ཐོག་གི་ལྟ་སྦྱོང་ཚོགས་འདུའི་ཐོག་རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུའུ་ཞིང་སྨན་དོ་དམ་སིའི་སི་ཀྲང་གཞོན་པ་ཀྲུའུ་ཨེན་ལིན་གྱིས་ངོ་སྤྲོད་བྱས་དོན། རང་རྒྱལ་གྱིས“སུས་ཉོས་ན་དེས་ཕྱིར་སྤྲོད་དང་། སུས་བཙོངས་ན་དེས་བསྡུ་བ། སུས་ཐོན་སྐྱེད་བྱས་ན་དེས་ཐག་གཅོད་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། “ཁྲོམ་རའི་བྱེད་པོས་ཚུར་བསྡུ་དང་། ཆེད་ལས་སྒྲིག་གཞིས་ཐག་གཅོད། སྤྱི་པའི་ནོར་སྲིད་ཀྱིས་རོགས་སྐྱོར”བཅས་ཀྱི་བྱེད་སྟངས་གཙོ་བོར་བཟུང་བའི་ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཚུར་བསྡུའི་ཐག་གཅོད་མ་ལག་གང་མགྱོགས་བཙུགས་ཏེ། དམངས་ཡོངས་ཚུར་བསྡུར་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།
     རང་རྒྱལ་གྱི་ས་ཁུལ་ཁག་གི་ཞིང་ལས་སྡེ་ཚན་གྱིས་སྣོད་བཅུད་ཁོར་ཡུག་དང་ནོར་སྲིད་སོགས་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ། ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཐག་གཅོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཡུལ་བབ་དང་བསྟུན་པའི་ལས་ཀའི་ཐབས་ལམ་དང་ཉམས་མྱོང་འཚོལ་ཞིབ་བྱས་ཡོད། དཔེར་ན་མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཚུར་བསྡུའི་ཚོད་ལྟའི་ལས་དོན་སྤེལ་ནས་གཅིག་སྡུད་ཉར་ཚགས་ལྟེ་གནས་དང་། ཚུར་བསྡུ་ལྟེ་གནས། ཚུར་བསྡུའི་ས་ཚིགས་བཅས་བསྐྲུན་ཏེ། ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཁྲི་1000ལྷག་ཙམ་ཚུར་བསྡུ་བྱས་པ་དང་། ཞིང་སྨན་སྤྱོད་མཁན་གྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད་པ་རེད།
     གསར་འགོད་པར་ལྟ་སྦྱོང་གི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། པ་ཡན་ཀྲོ་ཨར་གྲོང་ཁྱེར་གྱིས“སུས་ཚོང་གཉེར་བྱས་ན་དེས་ཚུར་བསྡུ་དང་། སུས་བེད་སྤྱོད་བྱས་ན་དེས་ཕྱིར་སྤྲོད་པའི”རྩ་དོན་གཞིར་བཟུང་། ཞིང་སྨན་ཚོང་ཁང་གིས་ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཚུར་བསྡུའི་འགན་གཙོ་བོ་ཁུར་དགོས་པ་དང་། སྲིད་གཞུང་གིས་སྤྱི་རྒྱ་རེར་སྒོར་13གྱི་ཚད་གཞི་གཞིར་བཟུང་ཁ་གསབ་སྤྲོད་དགོས་པའི་གཏན་འབེབས་ཁ་གསལ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སུའུ་མུའུ་ཤང་དང་གྲོང་རྡལ་དུ་བརྒྱུད་འདྲེན་ས་ཚིགས་58དང་། ཆི་དང་རྫོང་། ཆུས་བཅས་སུ་གཅིག་སྡུད་མཛོད་ཉར་ལྟེ་གནས་6བཀོད་སྒྲིག་བྱས་པ་དང་། “གྲོང་ཚོས་ཚུར་བསྡུ་དང་། གྲོང་རྡལ་གྱིས་བརྒྱུད་འདྲེན། རྫོང་གིས་མཛོད་ཉར”བཅས་ཀྱི་རིམ་གསུམ་ཚུར་བསྡུའི་མ་ལག་བཙུགས་ཚུན་རིམ་རྩིས་བརྒྱབ་ན་ཞིང་སྨན་གྱི་ཐུམ་སྒྲིལ་དང་ཟོག་རོ་ཏུན་187ཚུར་བསྡུ་བྱས་ཡོད་པ་རེད།
     མིག་སྔར། རང་རྒྱལ་གྱི་ས་གནས་ཁག་གིས་ཞིང་སྨན་གྱི་ཐུམ་སྒྲིལ་དང་། ཟོག་རོ་ཚུར་བསྡུ། དེ་བཞིན་ཐག་གཅོད་བཅས་ཀྱི་ཚོད་ལྟའི་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་བཞིན་ཡོད་པ་མ་ཟད། གནོད་མེད་ཐག་གཅོད་ལག་ལེན་བསྟར་བཞིན་ཡོད་པ་རེད།