འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅༎མཚོ་བོད་གཞུང་ལམ་དུ་ལས་ལ་གཞོལ་བའི་མི་རབས་གསུམ་གྱི“ལམ་སྐྲུན”རྒྱུན་འཛིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● 1954ལོའི་ཟླ་12ཚེས་15ཉིན་མཚོ་བོད་གཞུང་ལམ་དུ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
     ● ལུའོ་ཧྲེང་ཧྥང་གིས།
     དེ་དུས་ང་ཚོས་ལམ་བཟོ་སྐབས་ཆེད་ལས་ཀྱི་ལག་ཆ་ཧ་ལམ་མེད་པ་དང་མི་ཡང་ཉུང་ངུ་ལས་མེད། ལམ་བཟོའི་རྒྱུ་ཆ་དག་ཚང་མས་སྒལ་པར་ཁུར་ནས་རི་ངོས་སུ་དབོར་དགོས་ཀྱི་ཡོད།
     ● ལུའོ་ཀྲེང་ཐིང་གིས།
     དུས་རབས་21པ་ཤར་ཚུན་ལྕགས་ལམ་གྱི་རྒྱུད་དུ་གསོ་རླུང་བཟོ་ཡུལ་བཙུགས་པ་དང་། ཆེད་ལས་ཀྱི་སྨན་བཅོས་དཔུང་ཁག་གིས་ང་ཚོ་ལམ་བཟོ་བ་འདི་དག་ལ་ཉིན་ལྟར་གསོ་རླུང་ཆུ་ཚོད་གཅིག་ཙམ་རྔུབ་དགོས་པའི་རེ་བ་ནན་པོ་འདོན་གྱི་ཡོད།
     ● ལུའོ་ཁྲང་ཆང་གིས།
     ཁོང་ཚོས་མྱངས་པའི་དཀའ་སྡུག་དག་ད་ཆ་ང་ཚོས་མྱོང་དགོས་ཀྱི་མེད། དེར་བརྟེན་ཁོང་ཚོས་དཀའ་ལས་བསྐྱོན་མྱོང་བའི་ས་ཆར་མུ་མཐུད་ང་ཚོས་ལས་ལ་གཞོལ་འོས།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “དུས་རབས་གོང་མའི་ལོ་རབས་70པར། ང་ཚོ་ཟི་ལིང་ནས་གདང་ལའི་བར་བསྐྱོད་ན་ཟླ་ཕྱེད་ལྷག་འགོར་གྱི་ཡོད་པ་དང་ལམ་རྒྱགས་ནི་སོ་སོས་ཁྱེར་བའི་བག་ལེབ་དང་མོག་མོག་ཡིན། ཡུན་རིང་འགོར་ན་མོག་མོག་སྐམ་པོར་འགྱུར་བ་དང་ང་ཚོས་རྡོ་གཞུས་ནས་བཅག་སྟེ་ཁམ་གང་རེ་བྱས་ཏེ་ཟ་ཡི་ཡོད”ད་ལོ་ལོ་80ལ་སླེབས་པའི་ལུའོ་ཧྲེང་ཧྥང་གིས་གསར་འགོད་པར་དེ་དུས་མཚོ་བོད་གཞུང་ལམ་བཅོས་སྒྲིག་དང་སྒྱུར་བཀོད་གྱི་ལས་གྲྭའི་ནང་ཞུགས་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱས་ནས་དེ་ལྟར་བརྗོད་བྱུང་།
     མཚོ་བོད་གཞུང་ལམ་ནི་1950ལོར་བསྐྲུན་འགོ་ཚུགས་པ་དང་། 1954ལོའི་ཟླ་12ཚེས་15ཉིན་མཚོ་བོད་གཞུང་ལམ་དུ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པར་གྱུར།
     “ལམ་བཟོས་ཟིན་ནའང་ལས་གྲྭ་མཇུག་འགྲིལ་མེད། དེ་དུས་བཟོས་པའི་མཚོ་བོད་གཞུང་ལམ་ནི་རིམ་པ་ཅན་གྱི་བྱེ་རྡོའི་ལམ་མིན་པའི་རྐྱེན་གྱིས་1974ལོར་ང་རང་རྨང་གཞིའི་འཛུགས་སྐྲུན་ལས་གྲྭའི་དམག་ཞིག་གི་ངོས་ནས་བཀོད་འཐབ་པ་ཁྲི་ཕྲག་དང་མཉམ་དུ་ཤིང་རྟ་འཁོར་ལོ་བཏང་ནས་ཟི་ལིང་ནས་གདང་ལར་ཕྱིན་པ་ཡིན། མཚོ་བོད་གཞུང་ལམ་ལ་བཅོས་སྒྲིག་སྒྱུར་བཀོད་བྱས་ནས་སྣུམ་ནག་བཏིང་བའི་ལམ་ངོས་བཟོས་པ་ཡིན”1984ལོར་མིའི་རིགས་ཀྱི་ལམ་བཟོའི་ལོ་རྒྱུས་ཐོག་ས་མཐོའི་འཁྱགས་སའི་ཁུལ་བརྒྱུད་པའི་རིམ་གཉིས་གཞུང་ལམ་ཐོག་མ་དེ་བཏོད་པ་རེད་ཅེས་ལུའོ་ཧྲེང་ཧྥང་གིས་བརྗོད།
     “གནམ་ལ་འཕུར་བའི་བྱ་རིགས་མེད་ལ་ས་གཞིར་སྔོ་ལྗང་རྩི་ཤིང་མེད། རླུང་འཚུབ་ལྡང་ན་རྡོ་སེག་ཁྱེར་ཡོང་བ་དང་དུས་ཚིགས་བཞི་པོར་གྱོན་གོས་མཐུག་པོ་གྱོན”ཞེས་པ་ནི་ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལའི་གནས་ཚུལ་ངོ་མ་ཡིན། འོན་ཀྱང་ལུའོ་ཧྲེང་ཧྥང་གིས་བཟོས་པའི་ལམ་དུམ་ནི་ཏག་ཏག་མཚོ་བོད་གཞུང་ལམ་གྱི“འཚོ་གནས་དཀའ་ཁུལ”གདང་ལ་རྒྱུད་ཀྱི་ལམ་དུམ་མཐོ་ཤོས་དེ་ཡིན་པ་མ་ཟད་མཚོ་བོད་གཞུང་ལམ་གྱི་རང་བྱུང་ཆ་རྐྱེན་སྐྱོ་ཤོས་ཀྱི་ལམ་དུམ་ཡང་རེད།
     “དེ་དུས་ང་ཚོས་ལམ་བཟོ་སྐབས་ཆེད་ལས་ཀྱི་ལག་ཆ་ཧ་ལམ་མེད་པ་དང་མི་ཡང་ཉུང་ངུ་ལས་མེད། ལམ་བཟོའི་རྒྱུ་ཆ་དག་ཚང་མས་སྒལ་པར་ཁུར་ནས་རི་ངོས་སུ་དབོར་དགོས་ཀྱི་ཡོད”གདང་ལའི་མཁའ་རླུང་ནང་གི་གསོ་རླུང་འདུས་ཚད་ནང་སའི་ཕྱེད་ཀ་ཙམ་ལས་མེད་པས་ལས་ཀ་བྱ་རྒྱུ་ཕར་ཞོག་འགུལ་ཙམ་བྱས་ནའང་མགོ་ཡུར་འཁོར་བ་དང་བྲང་ཁ་མི་བདེ་བ། དབུགས་ཧལ་གྱི་ཡོད་ཅེས་ལུའོ་ཧྲེང་ཧྥང་གིས་བཤད།
     1985ལོའི་ཟླ་8པར་མཚོ་བོད་གཞུང་ལམ་ཡོངས་ཀྱི་ལམ་ངོས་ལ་སྣུམ་ནག་བཏིང་བའི་ལས་གྲྭ་འགྲུབ་པས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་ལེགས་སུ་ཇེ་ཆེར་སོང་ཁར་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་ཡོང་ཆེད་འགན་ལེན་བྱུང་བ་རེད། 2001ལོའི་ཟླ་6པར་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་དང་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་ཆེད་ལྷ་སའི་བར་གྱི་མཚོ་བོད་ལྕགས་ལམ་བཟོ་འགོ་བརྩམས་ཡོད།
     2002ལོའི་དཔྱིད་གསར་དུས་ཆེན་གྱི་རྗེས་སུ། ལུའོ་ཧྲེང་ཧྥང་གི་བུ་ལུའོ་ཀྲེང་ཐིང་གིས་ཕའི་ལས་ཀའི་རྒྱུན་སྐྱོང་ཆེད་མཚོ་བོད་གཞུང་ལམ་གྱི་ལམ་ཐིག་ཏུ་ཡོང་ནས་ལྕགས་ལམ་བཟོ་བའི་ལས་མི་བྱས། དེ་དུས་ཀྱི་སྨན་བཅོས་དང་ཨར་སྐྲུན་གྱི་ཆ་རྐྱེན་ནི་ཕ་ལུའོ་ཧྲེང་ཧྥང་གིས་མཚོ་བོད་གཞུང་ལམ་བཟོ་སྐབས་དང་བསྡུར་ན་ཧ་ཅང་ཡག་ཏུ་ཕྱིན་ཡོད་པ་རེད།
     “དུས་རབས་21པ་ཤར་ཚུན་ལྕགས་ལམ་གྱི་རྒྱུད་དུ་གསོ་རླུང་བཟོ་ཡུལ་བཙུགས་པ་དང་། ཆེད་ལས་ཀྱི་སྨན་བཅོས་དཔུང་ཁག་གིས་ང་ཚོ་ལམ་བཟོ་ལས་མི་འདི་དག་ལ་ཉིན་ལྟར་གསོ་རླུང་ཆུ་ཚོད་གཅིག་ཙམ་རྔུབ་དགོས་པའི་རེ་བ་ནན་པོ་འདོན་གྱི་ཡོད”ཅེས་ལུའོ་ཀྲེང་ཐིང་གིས་བཤད།
     མཁྲེགས་ཆས་ཀྱི་སྒྲིག་བཀོད་ལེགས་བཅོས་ཐུབ་ཡོད་ཀྱང་རང་བྱུང་ཆ་རྐྱེན་ལ་འགྱུར་བ་གཏོང་ཐུབ་མེད། ས་བབ་མཐོ་ཚད་སྨི་5000ཡན་གྱི་མཚོ་བོད་ལྕགས་ལམ་གྱི་ཨ་མདོ་རྫོང་བྲག་སྨུག་ལའི་ལམ་དུམ་དུ་ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་5ཙམ་ལས་མེད་པ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་གྱི་ཡོད།
     “ས་མཐོའི་འཁྱགས་སའི་ཁུལ་གྱི་ལམ་ངོས་ཀྱང་དུས་ཚིགས་ཀྱི་དྲོད་ཚད་དང་བསྟུན་ནས་འཁྱགས་ཐེབས་དང་ཞུ་རྡིབ་བྱེད་ཀྱི་ཡོད”ལུའོ་ཀྲེང་ཐིང་གིས་དེའི་རྐྱེན་གྱིས་ཕས་སྔོན་དུས་ལམ་བཟོ་སྐབས་ཀྱི་དཀའ་སྡུག་གསལ་པོར་རྟོགས་ཀྱི་ཡོད་པ་རེད།
     དཀའ་སྡུག་དེ་ལྟར་ཆེ་ཡང་ལུའོ་ཀྲེང་ཐིང་ཁོ་རང་གི་བུ་ལུའོ་ཁྲང་ཆང་ཡང་མཚོ་བོད་གཞུང་ལམ་དུ་སླེབས་ཡོད། ཁོ་ལོ་བཅུ་དགུར་དམག་དཔུང་ནང་ཞུགས་པ་མ་ཟད་རང་འགུལ་ངང་རེ་ཞུ་བྱས་ཏེ་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་ཁུ་ནུ་རི་བོའི་རུ་འབྲིང་དུ་ཁུ་ནུ་རི་བོའི་ཕུག་ལམ་བསྲུངས་བ་དང་། མུ་མཐུད“མཁའ་ལམ”བརྟན་སྲུང་གི་ལས་དོན་གཉེར།
     ལོ་རབས་90ནང་སྐྱེས་པའི་ལུའོ་ཁྲང་ཆང་གིས། “དང་ཐོག་ཁུ་ནུ་རི་བོར་སླེབས་སྐབས་དཀའ་སྡུག་གི་སྣང་བ་ཆེན་པོ་བྱུང་། ཆུ་ཁོལ་གྱི་ཁོལ་ཚད་ཏུའུ་78.2ཙམ་ཡིན། སྔོ་ཚལ་ཡང་སྔ་ས་ནས་ཆུ་ཁོལ་ནང་བཙོས་རྗེས་གཞི་ནས་ཚལ་བཟོ་ཆོག ཤ་རིགས་གང་ཡང་རླངས་རྡིག་ནང་བཙོས་ན་གཞི་ནས་ཚོས་ཀྱི་ཡོད”ཅེས་བཤད་བྱུང་།
     སྤྱིར་ལས་ཀའི་ཁོར་ཡུག་ལ་དངོས་འབྲེལ་དཀའ་སྡུག་ཆེ་ནའང་ཕ་མེས་རྣམས་ཀྱི་འབད་བརྩོན་ལས་ད་ཆ“མཁའ་ལམ”སྲུང་བའི་ལས་ཀའི་ཁོར་ཡུག་ལ་ལེགས་བཅོས་ཆེ་ཙམ་བྱུང་ཡོད། “ཁོ་ཚོས་མྱངས་པའི་དཀའ་སྡུག་དག་ད་ཆ་ང་ཚོས་མྱོང་དགོས་ཀྱི་མེད། དེར་བརྟེན་ཁོང་ཚོས་དཀའ་ལས་བསྐྱོན་མྱོང་བའི་ས་ཆར་ང་ཚོས་མུ་མཐུད་ལས་ཀ་བྱེད་དགོས་ངེས་རེད”ཅེས་ལུའོ་ཁྲང་ཆང་གིས་བརྗོད་པ་རེད།