འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎ཕ་ཁི་སི་ཐན་དང་རྒྱ་གར་གྱི་དམག་དཔུང་གིས་ཀ་སྨིར་གྱི་དོན་དངོས་ཚོད་འཛིན་ཐིག་གི་ཉེ་འགྲམ་དུ་མེ་མདའ་རྒྱག་རེས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན། ཕ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུས་ཀྱིས་དེའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་ཐོག རྒྱ་གར་དམག་དཔུང་གིས་ཉིན་དེར་ཀ་སྨིར་གྱི་དོན་དངོས་ཚོད་འཛིན་ཐིག་གི་ཉེ་འགྲམ་དུ་ཕ་ཁི་སི་ཐན་ཕྱོགས་སུ་མེ་མདའ་བརྒྱབ་ནས་དམག་མི་3བསད་ཡོད་ཅེས་བཤད་པ་རེད།
    ཕ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུས་ཀྱིས་ཕ་ཁི་སི་ཐན་གྱི་དམག་དཔུང་གིས་དེ་རྗེས་རྒོལ་ལན་སྤྲད་ནས་ཉུང་མཐར་ཡང་རྒྱ་གར་དམག་དཔུང་གི་དམག་མི་5བསད་པ་དང་མི་མང་པོར་རྨས་སྐྱོན་བཏང་བ་མ་ཟད། རྒྱ་གར་དམག་གི་མཁར་རྫོང་ཁ་ཤས་རྩ་མེད་དུ་བཏང་ཡོད་ཅེས་བཤད་པ་རེད། ཕྱོགས་གཉིས་ཀྱིས་ད་དུང་མུ་མཐུད་དུ་མེ་མདའ་རྒྱག་རེས་བྱེད་བཞིན་ཡོད།
    གཞན་ཡང་རྒྱ་གར་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱིས་ཉིན་དེར་ཀ་སྨིར་གྱི་དོན་དངོས་ཚོད་འཛིན་ཐིག་གི་ཉེ་འགྲམ་དུ་མེ་མདའ་རྒྱག་རེས་བྱས་པ་གཏན་ཁེལ་བྱས་པ་དང་། རྒྱ་གར་ཕྱོགས་ཀྱིས་ཕ་ཁི་སི་ཐན་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལས་འགལ་བར་སྐྱོན་བརྗོད་བྱས་ཤིང་། རྒྱ་གར་ཕྱོགས་ཀྱིས་ཕར་རྒོལ་བྱས་པ་ཡིན་ཞེས་བརྗོད་མོད། འོན་ཀྱང་དམག་མི་5དམག་འཐབ་ཁྲོད་རྐྱེན་ལམ་དུ་ཤོར་བ་ཁས་བླངས་མེད།
    ཕ་ཁི་སི་ཐན་དང་རྒྱ་གར་ཕྱོགས་གཉིས་པོས་ཀ་སྨིར་གྱི་དོན་དངོས་ཚོད་འཛིན་ཐིག་གི་ཉེ་འགྲམ་དུ་རྟག་པར་མེ་མདའ་རྒྱག་རེས་བྱེད་ཀྱི་ཡོད།
    ཟླ་འདིའི་ཚེས་5ཉིན། རྒྱ་གར་སྲིད་གཞུང་གིས་ད་སྐབས་ལག་བསྟར་བྱེད་པའི་རྩ་ཁྲིམས་ཀྱི་དོན་ཚན་370པ་མེད་པ་བཟོས་ནས་དེ་གོང་རྩ་ཁྲིམས་ཀྱིས་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཀ་སྨིར་ས་ཁུལ་ལ་སྤྲད་པའི་དམིགས་བསལ་གནས་བབ་མེད་པ་བཟོ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཕ་ཁི་སི་ཐན་གྱིས་དེའི་ཐད་ངོ་རྒོལ་བྱས་པ་དང་འབྲེལ། རྒྱ་གར་དང་ཕྱི་འབྲེལ་འབྲེལ་བའི་རིམ་པ་དམའ་རུ་བཏང་ཞིང་། ཕྱོགས་གཉིས་པོའི་ཚོང་འབྲེལ་མཚམས་འཇོག་རྒྱུ་གཏན་འབེབས་བྱས་པ་རེད།